དད་དབྱངས་པད་དཀར་ཆུན་པོ།

༄༅། །དད་དབྱངས་པད་དཀར་ཆུན་པོ།
རྩོམ་པ་པོ། གསེར་སྨྱུག་གམ་ངག་དབང་མཁས་གྲུབ།

སྙན་སྙན་རྒྱུད་མང་དཀྲོལ་བའི་ཚངས་སྲས་མ།།
བསྟོད་བསྟོད་དད་དབྱངས་གྱེར་བའི་ནུས་མཐུ་ལས།།
ཟབ་ཟབ་སྙན་པའི་ངག་ལ་དབང་འབྱོར་བའི།།
སྨྲ་བའི་དངོས་གྲུབ་དེང་འདིར་བདག་ལ་སྩོལ།།

ངག་ལ་དབང་ཕྱུག་དཔལ་ལྡན་ས་སྐྱ་པའི།།
མཚན་མཆོག་གསུམ་གྱི་མཚན་སྙན་ཅོད་པན་འཆང་།།
དྲི་མེད་འཁོན་གདུང་བསྟན་འགྲོའི་དཔལ་མགོན་དུ།།
སྲིད་འདིར་གཟུགས་སྐུ་བཞད་པར་ཨེ་མ་རྨད།།

སྙིགས་དུས་བསྟན་པའི་མངའ་བདག་ས་སྐྱ་པའི།།
རྒྱལ་བསྟན་ཉིན་མོར་བྱེད་པའི་༸གོང་མ་མཆོག།
ཀུན་མཁྱེན་བུ་རམ་ཤིང་པའི་རྒྱལ་ཚབ་ཏུ།།
ལྔ་བདོའི་དུས་འདིར་བྱོན་པར་ཨེ་མ་རྨད།།

བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ས་སྐྱ་པའི།།
མདོ་རྒྱུད་མན་ངག་ཟབ་རྒྱས་རྒྱ་མཚོའི་གཏེར།།
ཁ་འབབ་རྣམ་བཞིའི་རྒྱུན་བཟང་བབས་པ་བཞིན།།
སྐལ་ལྡན་འགྲོ་ལ་གྲུ་ཆར་འཇོ་བར་རྨད།།

སྐུ་ཡི་མཚན་དཔེ་འཁོན་གྱི་རིགས་སུ་བལྟམས།།
གསུང་གི་སྙན་དབྱངས་གོ་ལའི་ཁྱོན་ལ་བསྒྲགས།།
ཐུགས་ཀྱི་བྱམས་བརྩེ་འགྲོ་ཀུན་ལ་ཁྱབ་པའི།།
༸སྐྱབས་མགོན་ས་སྐྱ་༸གོང་མའི་ཞབས་ལ་འདུད།།

འཆད་མཁས་གདུལ་བྱའི་ཁམས་དང་མོས་པར་བསྟུན།།
རྩོད་པས་ལྟ་ངན་ལོག་རྟོག་དྲུང་ནས་འབྱིན།།
རྩོམ་པས་གཞུང་ལུགས་མདུད་རྒྱ་མ་ལུས་བཀྲོལ།།
ཐམས་ཅན་མཁྱེན་པ་༸གོང་མའི་ཞབས་ལ་འདུད།།

ཐོས་པ་གངྒཱའི་རྒྱུན་བཟང་རྒྱ་མཚོར་འཁྱིལ།།
བསམ་པས་གཞུང་ལུགས་མཐའ་དག་སྒྲོ་འདོགས་བཅད།།
སྒོམ་པའི་ཉམས་རྟོགས་མ་ལུས་རྩལ་རྫོགས་པའི།།
༸སྐྱབས་མཆོག་འཁོར་ལོའི་མགོན་པོའི་ཞབས་ལ་འདུད།།

མཁས་པའི་སྙན་གྲགས་ཕྱོགས་ཀུན་རྒྱལ་མཚན་བསྒྲེངས།།
བཙུན་པའི་གོ་ཆ་མཐུ་བཙན་བསླུ་མི་ནུས།།
བཟང་པོའི་ངང་ཚུལ་ས་བཅུའི་བྱང་སེམས་དངོས།།
༸སྐྱབས་མགོན་རིག་གྲོལ་༸གོང་མའི་ཞབས་ལ་འདུད།།

མཁྱེན་པའི་ཡེ་ཤེས་མཁའ་ལམ་ཡངས་པའི་དཀྱིལ།།
བརྩེ་བའི་སྦྲང་ཆར་འཇོ་ཞིང་སྣོད་བཅུད་བརླན།།
ནུས་པས་ཞི་བདེའི་དགའ་ཚལ་བསྐྲུན་མཛད་པའི།།
རིགས་གསུམ་རྣམ་འཕྲུལ་༸གོང་མའི་ཞབས་ལ་འདུད།།

ཕྱི་ཡི་སྤྱོད་པ་ཞི་དུལ་ཚངས་སྤྱོད་མཛེས།།
ནང་གི་ཉམས་རྟོགས་བྱིས་པའི་བློ་ལས་འདས།།
གསང་བ་བླ་མེད་རྒྱུད་སྡེའི་མངའ་བདག་ཉིད།།
ཁྱབ་བདག་རྡོ་རྗེ་འཆང་ཆེན་ཞབས་ལ་འདུད།།

མཐོང་བས་སྐལ་ལྡན་འགྲོ་རྣམས་དད་པས་གྲོལ།།
ཐོས་པས་སྒོ་གསུམ་བྱིན་རླབས་སྩོལ་བར་མཛད།།
དྲན་པས་ངན་འགྲོའི་གནས་ལས་སྐྱོབས་ནུས་པའི།།
སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མར་འདུད།།

རིག་འཛིན་རྣལ་འབྱོར་གོས་དཀར་ལྕང་ལོའི་རྗེ།།
སྙན་བརྒྱུད་ཚད་མ་བཞི་དང་རྒྱུད་སྡེ་སོགས།།
གསང་ཆེན་བསྟན་པ་སྤེལ་ལ་ཟླ་བྲལ་བའི།།
གསུམ་ལྡན་རྡོ་འཛིན་སྔགས་འཆང་ཆེན་པོར་འདུད།།

ལྔ་བརྒྱ་ཐ་མ་རྩོད་དུས་སྙིགས་མ་ལ།།
རྒྱལ་བསྟན་ཉིན་མོར་བྱེད་པའི་རྟ་བདུན་དབང་།།
གཟི་འོད་ཕྱོགས་ཀུན་འཕྲོས་ནས་གླིང་ཆེན་འདིར།།
སྙིགས་མའི་མགོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན།།

བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་དང་།།
གནོད་སྦྱིན་ནོར་ལྷ་དཀར་ཕྱོགས་སྐྱོང་བའི་སྡེ།།
མཐུ་སྟོབས་ནུས་པ་གཅིག་ཏུ་སྤུངས་པའི་མཐུས།།
༸སྐྱབས་མགོན་སྔགས་འཆང་ཆེན་པོའི་ཞབས་པད་བརྟན།།

དེ་ལྟར་གསོལ་བ་བཏབ་པའི་ནུས་མཐུ་ལས།།
རྒྱལ་བསྟན་དར་ཞིང་འགྲོ་ཀུན་ཞི་བདེའི་ཆེད།།
སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པ་དང་།།
མཛད་འཕྲིན་ནམ་མཁའ་བཞིན་དུ་ཁྱབ་པར་ཤོག།

ཅེས་མགོན་པོ་གང་ཉིད་ཀྱི་དངོས་སློབ་གསེར་སྨྱུག་ཅེས་པས་ལོ་ཤས་སྔོན་ནས་བྲིས་པའི་རྩོམ་རྙིང་ཞིག་གིས་སྐུའི་འཁྲུངས་སྐར་བསུའོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*