སད་ཀྱིས་བཅོམ་པའི་མེ་ཏོག

མེ་ཆར། ཡུལ་ཤུལ།

ཚོན་ལྔའི་མེ་ཏོག་འཛུམ་པའི་ཕོ་བྲང་དབུས། །
སད་ཀྱིས་བཅོམ་པའི་མེ་ཏོག་རྐང་གཅིག་དེ། །
ག་ལེར་ས་རུ་འཐོར་བའི་ངང་ཚུལ་དེས། །
རྣམ་དག་སེམས་ལ་སྐྱོ་བའི་སྣོན་མ་གྱུར། །

སྟོན་དགུན་མཚམས་ཀྱི་དུས་ཚིགས་བཙན་པོ་འདིའི། །
རྨི་ལམ་ཀློང་ནས་འཁྲུངས་བའི་ཚོར་འདུ་ཟུང་། །
རིང་མ་ཐུང་གི་མི་ཚེའི་སྨག་རུམ་ཁྲོད། །
སྐྱིད་མ་སྡུག་གི་ཡིད་ངོར་ཚོར་བ་ལྕི། །

ཚོགས་དྲུག་མེ་ཏོག་བཞད་པའི་སྤང་ཐང་དུ། །
ང་ཡི་མེ་ཏོག་ལོ་ཟླའི་འགྲོས་ཀྱིས་རྙིང་། །
ཁོ་མོའི་རྣམ་ཤེས་སྟོན་གྱི་ཕྱེ་ལེབ་བཞིན། །
བདེན་ཞེན་སྣང་བའི་སྦུབ་སུ་ད་དུང་བཏུམས། །

བདེན་བདེན་འདྲ་བའི་འཁོར་བའི་ཕུན་ཚོགས་ལ། །
སེམས་ཀྱིས་བལྟས་ན་འཇིག་རྟེན་ཁྲ་ཁྲ་རེད། །
ཞིབ་ཏུ་དཔྱད་ན་ཡོད་ཡོད་འདྲ་ན་ཡང་། །
ཚོར་བའི་བསླུ་བྲིད་ལགས་སོ་བདེན་པའི་གཏམ། །

སྟོན་གྱི་མེ་ཏོག་སད་ཀྱིས་བཅོམ་པ་དང་། །
ལྗོན་བཟང་འདབ་མ་རླུང་གིས་ཁྱེར་བ་སོགས། །
ཨ་ལན་ཚིག་འབྲུ་རེ་རེ་མགྲིན་པར་འགག །
ཞེ་ལ་ཨ་ཐང་ཆད་པའི་སྐྱོ་ངལ་མོད། །

ཚིག་ལ་གྱ་གྱུ་མང་བ་གཞོན་པའི་སེམས། །
སེམས་ལ་དགའ་སྡུག་མང་བ་འཁོར་བའི་མྱི། །
གང་ཡང་ངེས་པ་མེད་པའི་སྲིད་གྲོང་ནས། །
སྣང་བའི་ཁེར་གཞས་ལེན་པ་ང་ཡི་གཤིས། །

ནོར་འཛིན་སྒེག་མོ་གསེར་མདོག་གོས་ཀྱིས་བཀླུབས། །
ཚོགས་དྲུག་སྣང་བའི་མེ་ཏོག་དབྱིངས་སུ་ཡལ། །
སྟོན་རླུང་འགྲོས་དང་ལྡེབ་པའི་རང་སེམས་འདི། །
དྲོ་གྲང་གང་ཡིན་ངེས་གཏན་མེད་པ་འདྲ། །

མི་ཚེའི་སྐྱིད་སྡུག་ངེས་པ་མེད་པ་བཞིན། །
ལོ་ཟླ་འཕོ་འགྱུར་ཞེ་ཡིས་གང་ན་དཔོག །
ཕྱི་ཁྲ་འཇིག་རྟེན་འཁྱག་གིས་འདར་ཚུལ་འདིས། །
ཀུན་རྟོག་རླབས་རིས་བཙན་གྱིས་གནོན་ཐབས་ཅི། །

བསིལ་རླུང་འཇམ་པོ་ལྡང་བའི་འགྱུར་བག་ཁྲོད། །
གདུག་རྩུབ་གྲང་རེག་རྒོད་པའི་ཁོར་ཡུག་འདིར། །
མི་སེམས་རླུང་གི་དར་ལྕོག་གཡོ་ནས་ཟེགས། །
སྣང་བའི་ཡོ་ལང་འཁྲུག་ནས་འདར་ཞིང་སྔངས། །

རྫོགས་མཐའ་མེད་པའི་ཐ་སྙད་ཚིག་གི་ཕྲེང་། །
བགྲང་མི་ཚར་བའི་ཉིན་སྲིབ་གྲངས་མེད་བཞིན། །
སྣང་བ་དཀར་དམར་གཉིས་ཀྱི་སོ་མཚམས་ནས། །
ཕལ་བའི་སེམས་ཀྱི་ཕྱི་ནང་མཚོན་ཐབས་ཤིག །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།