དབྱངས་ཀྱི་རྒྱུད་མང་།

ཁམས་ཟླ་སྲས། དཔལ་ཡུལ།

མཐོ་ལ་ནམ་མཁའི་གཟི་འོད་ཁྲོད། །
རྒྱུ་སྐར་ལམ་ལམ་འཚེར་བའི་དུས། །
མགྲིན་པའི་ངག་ནས་ཐལ་བ་ཡི། །
སྙན་འཇེབས་དྲུག་དཀར་འདི་རུ་བཞད། །

བར་ལ་གངས་རིའི་བརྗིད་ཉམས་ཁྲོད། །
སྤང་དང་མེ་ཏོག་མངོན་མཛེས་དུས། །
ཕྱག་གི་འཕྲུལ་ལས་རབ་སོན་པའི། །
རིག་བྱེད་ཚིག་ཕྲེང་འདི་ན་བརྒྱན། །

སྨད་ལ་གཙང་བོ་གཡས་འཁྱིལ་ཁྲོད། །
ལྷ་མོའི་ཞལ་རས་མྱུར་འཛུམ་དུས། །
བསྟོད་པའི་ངག་གི་རྒྱུད་མང་དེ། །
ལྷིང་འཇགས་འཚོ་བའི་མལ་ནས་ཐོས། །

ཉམས་བརྒྱའི་མེ་ཏོག་རྒྱས་པའི་ཚལ། །
གཡུ་སྦྲང་རྩེ་འཇོ་འཕེལ་བར་དུས། །
སེམས་ཀྱི་རེ་ལ་ཟུག་པ་ཡི། །
དབྱངས་ཀྱི་སྐུད་པར་དམ་དུ་འཇུ། །

འདི་ནས་ལས་ཀྱི་བསྐོས་ཐང་གི། །
རི་མོ་འཇིགས་མེད་བརྟན་པའི་ཞོར། །
ལང་ཚོའི་ཕྲིན་ལས་བསྟི་གནས་པའི། །
གུ་ཡངས་གཞིས་སུ་གོམ་པས་སྙེགས། །

ཡང་དག་བཞད་པའི་དཔལ་གྱི་གོས། །
ཕྱག་གི་མཐིལ་དུ་རབ་གནས་ཏེ། །
ཡལ་མེད་རྟག་ཏུ་འཛུམ་པ་ནི། །
སྟོང་བསམ་རེ་བ་ཁོ་ནར་ངེས། །

ཡིན་ཡང་སེམས་ཀྱི་མཛེས་སྡུག་གིས། །
དུས་བཞིའི་ཁྱད་མེད་སྐྱེད་བྱས་པའི། །
ངག་རིག་འདབ་མ་ཅི་མཛེས་པ། །
རྒུད་པའི་ལས་དབང་དཀོན་པར་སེམས། །

སྤྲིན་དཀར་རྒྱས་འདྲའི་གཞོན་པའི་ཁྱུ། །
གསལ་ཞིང་འདས་པའི་བར་གླེགས་སུ། །
རང་སྲོག་ལྷན་ཅིག་སྲུང་པ་ཡི། །
དབྱངས་ཅན་ངག་གི་དར་ཆ་དེ། །

དྲི་ཟའིི་དབྱངས་རྟས་ཚངས་པ་ཡང་། །
རང་ཚུགས་མི་བརྟན་འཕྲོགས་སོང་ན། །
ཕལ་བའི་མི་དག་སྨོས་མེད་པས། །
བདག་གིས་འདང་འདུན་ལྷག་པོ་ཅི། །

མི་ཉམས་གོང་དུ་རབ་འཕེལ་ཞིང་། །
མི་འགྱུར་རྟག་ཏུ་གནས་པ་ཡི། །
འགྲོ་བའི་དཔལ་སྟེར་ངག་གི་ཕྲེང་། །
ནམ་ཡང་ལུས་སེམས་བཞིན་དུ་སྲུངས། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།