རྒྱ་ནག་ཧཱ་ཤང་དང་ཀ་མ་ལ་ཤཱི་ལའི་བར་གྱི་བརྩོད་པ་ལས་འཕྲོས་པའི་དཔྱད་པ་མདོར་བསྡུས།

བརྗོད་བྱ་དངོས་ལ་མ་འཇུག་གི་སྔོན་དུ་ཐོག་མར་བཤད་འདོད་པ་ཞིག་ལ།  དཔྱད་རྩོམ་འདི་ལོ་གསུམ་གྱི་ཡར་སྔོན་ཞིག་ཏེ་སྤྱིར་ལོ་༢༠༡༨ལོར་ལོ་མཇུག་ཞིག་ཏུ་སློབ་གླིང་གི་ལུགས་སྲོལ་ལྟར་བྲིས་པ་ཞིག་ཡིན་ལ།  དེ་ཡང་ལོ་ངོ་གསུམ་ལྷག་ལ་དབུ་མ་ཆེད་སྦྱོང་བྱས་ནས་ལོ་གསུམ་གྱི་ལོ་མཇུག་ཏུ་དབུ་མ་མཐར་ཕྱིན་པའི་རྒྱུགས་རྩོམ་གྱི་དོད་དུ་བྲིས་པ་ཞིག་ཀྱང་ཡིན་ལགས།  རྩོམ་ཐུང་འདི་མ་གཞི་ནས་ཡན་ལག་གི་ས་བཅད་ཞིག་ཡིན་པའང་ཀློག་པ་པོ་དག་གིས་ངེས་དགོས་སོ། །  འདིར་བྲིས་པ་ལས་དག་ཆ་དང་སྡེབ་སྦྱོར་སོགས་ཕྱོགས་གང་ཐད་ནས་ཆད་ལྷག་གི་སྐྱོན་གང་མང་ཞིག་ཡོད་ཤག་ཡིན་ལ། སྐབས་དེ་དུས་ནས་རང་ཉིད་ལ་སྡེབ་སྦྱོར་དང་དག་ཆ་སོགས་ཕྱོགས་ཀུན་ནས་དམན་པ་ཞིག་ཀྱང་ཡིན་པས་ལེགས་པོ་ཞིག་འགྲུབ་པའི་རྒྱུ་ཚོགས་ཡེ་ནས་མེད་དོ། ། འོན་ཀྱང་བརྗོད་བྱ་འདི་ལ་དམིགས་ཀྱིས་དཔྱད་པ་ཞིག་བྱས་ནས་བྲིས་ཡིན་པས་དོན་གྱི་འཁྲུལ་བ་ཆེན་པོ་ཞིག་ཡོད་ཟེར་ན་ད་རུང་ཁས་ལེན་པ་དཀའ་ཞིང་། དཔྱད་རྩོམ་ཞིག་འབྲི་བའི་མ་མཐའི་ཆ་རྐྱེན་ཡང་གཟུར་བོ་གནས་པའི་བློ་རིག་ཞིག་ཡོད་རྒྱུ་དེ་ཡིན་པས་དེ་ནི་ཁོ་བོས་ཏན་ཏན་ཕྱོགས་ལྷུང་མིན་པའི་སྒེར་ཚུགས་ཤིག་གིས་ངང་ནས་བྲིས་པའང་ཁག་ཐེག་བྱ་ཐུབ།  དེ་བས་ཀློག་པ་པོ་དག་གིས་གཟིགས་ཙམ་བྱོས་དང་རང་གི་བློ་ཡུལ་དུའང་ཤར་མ་མྱོང་བའི་བསམ་ཚུལ་གསར་པ་རེ་གཉིས་དང་།  ཤེས་བྱ་གསར་པ་རེ་གཉིས་ཀྱིས་ཁྱེད་རང་བསུ་མ་ཡང་བྱེད་སྲིད།

 ད་ནི་དངོས་ལ་འཇུག་པའི་ཁུལ་ལགས་ན། 

འདི་ལ་ལོ་རྒྱུས་ཚད་ལྡན་དང་སྦྲགས་ནས་དཔྱད་པ་དང་། ལུང་རིགས་ཚད་ལྡན་དང་སྦྲགས་ནས་དཔྱད་པ་གཉིས། དང་པོ་ལ་ལོ་རྒྱུས་ཚད་ལྡན་དང་སྦྲགས་ནས་ཧཱ་ཤང་གི་ལྟ་བ་དེ་ཡང་དག་པའི་ལྟ་བ་ཡིན་མིན་ལ་བརྗོད་འདོད་ཀྱི་སྤྲོ་བ་དང་བཅས་དེ་ལ་རེ་ཞིག་འཇུག་པར་བྱས་ན། ལོ་རྒྱུས་ནི་ཧཱ་ཤང་དང་དེས་གསུངས་པའི་ལྟ་གྲུབ་དག་ལ་འབྲེལ་བ་ཡོད་པའི་ལོ་རྒྱུས་ལ་འཇུག་པ་ཡིན་གྱི་དེ་དང་འབྲེལ་མེད་ཀྱི་ལོ་རྒྱུས་དག་ནི་སྐབས་དོན་གླེང་བར་བྱ་བ་མ་ཡིན་ནོ། །འོ་ན་དེ་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ནི་གང་ཞིག་ཡོད་སྙམ་ན་དེ་ནི་མཐོང་ཚོད་ལ།  རྦ་གསལ་སྣང་གིས་མཛད་པའི་རྦ་བཞེད་དང་།  གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་བསམ་གཏན་མིག་སྒྲོན།  སློབ་དཔོན་པདྨ་འབྱུང་གནས་ཀྱི་བློན་པོའི་བཀའ་ཐང་སོགས་ལས་མང་བ་ཞིག་ཁོ་བོས་ཀྱང་མ་མཐོང་ངོ་། །ལོ་རྒྱུས་དང་བསྟན་བཅོས་དེ་དག་གི་རྩོམ་པ་པོ་ནི་ཧཱ་ཤང་དང་ཀ་མ་ལ་ཤྲི་སོགས་ཀྱི་དུས་མཚུངས་སུ་བྱོན་པ་ཤ་ཏག་ཡིན་ཏེ།  རྦ་གསལ་སྣང་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་ཡིན་ཞིང་།  གནུབ་ཆེན་སངས་རྒྱས་ཡེ་ཤེས་ནི་ཀ་མ་ལ་ཤྲི་དང་།  ཧཱ་ཤང་མ་ཧ་ཡ་ན་གཉིས་ཀའི་སློབས་མ་ཡིན་པ་གྲགས་སོ། ། སློབ་དཔོན་པདྨ་འབྱུང་གནས་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་དུ་བྱོན་པའི་གྲུབ་པའི་སྐྱེས་མཆོག་ཞིག་ཡིན་པ་གྲགས་སོ། །  དེ་དག་གིས་མཛད་གཞུང་ལས་ཧཱ་ཤང་གི་ལྟ་བ་དེ་ཡང་དག་ཡིན་པའི་ཚུལ་ཇི་ལྟར་སྟོན་སྙམ་ན་དེ་ནི་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་བསམ་གཏན་མིག་སྒྲོན་ལས། དེ་ལ་རྒྱུའི་ཐེག་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་ཁར་འོད་སྲུང་ལ་གདམས་ངག་ཕོག་དེ་ནས་དར་མཱོ་དྷཱ་ར་ལ་སོགས་པ་ནས། རྒྱ་ནག་པོར་བདུན་རྒྱུད་ཐ་མ་ཧཱ་ཤང་མ་ཧཱ་ཡ་ན་ལ་ཐུག་ཅེས་དང་། ཡང་བློན་པོའི་བཀའི་ཐང་ཡིག་ཏུ། བཅོམ་ལྡན་འདས་སྐུ་མྱ་ངན་འདའ་བའི་དུས། །ཆོས་ཀྱི་ཐ་མ་དྲི་བས་ཐེ་ཚོམ་བཅད། །མྱ་ངན་འདའ་བའི་གཞུང་འདི་བསྟན་པ་ཡིན། །དཔེ་དོན་མང་པོ་འོད་སྲུང་ཉིད་ལ་གསུངས། །དེ་ནས་དྷ་རྨོ་ཏྟཱ་ར་ལ་སོགས་ནས། །རྒྱ་ནག་སྤྲུལ་བདུན་བརྒྱུད་པ་བརྒྱུད་པའི་ཐ། །ཧཱ་ཤང་མ་ཧཱ་ཡ་ན་ཉིད་ལ་ཐུག །འོད་སྲུང་ཅིག་ཆར་འཇུག་པ་ཕལ་ཆེན་སྡེ། །མཁན་པོ་དྷ་རྨོ་ཏྟཱ་ར་ལ་བརྒྱུད་ནི། །ཤར་གྱི་ཕྱོགས་སུ་རྒྱ་མཚོ་བརྒལ་ནས་ཕྱིན། །རྒྱ་ཡུལ་ལི་ཀུན་ཞེས་བྱའི་ཡུལ་དུ་སླེབས། །ཞེས་དང་ཡང་དེ་ཉིད་ལས། བོ་དྷི་དྷ་རྨོ་ཏྟཱ་རའི་བརྒྱུད་འཛིན་ནི། །ཐ་མ་ཧཱ་ཤང་མ་ཧཱ་ཡ་ནའི་གཞུང་། །ཅིག་ཆར་འཇུག་པ་ཡོངས་སུ་རྫོགས་པ་ཡིས། །དཔེ་དོན་མང་པོ་མདོ་སྡེའི་གཞུང་ལ་ཐུག །དེ་དག་འདོད་གཞུང་ཡི་གེ་ཡོད་པ་དང་། །དྷ་རྨོ་ཏྟཱ་རའི་རྒྱ་ལུང་ཆེན་པོ་རྣམས། །ཅི་ཡང་བྱར་མེད་མན་ངག་སྙན་ཁུང་བརྒྱུད། །ཅེས་ཧཱ་ཤང་མ་ཧཱ་ཡ་ནའི་བརྒྱུད་པ་འདི་ནི་སྟོན་པའི་བསྟན་རབས་ཀྱི་བརྒྱུད་པ་བར་མ་ཆད་པ་ཡིན་པ་དང་། ཧཱ་ཤང་མ་ཧཱ་ཡ་ནས་གསུངས་པའི་ལྟ་གྲུབ་གང་དག་མདོ་སྡེ་སོགས་ཀྱི་གཞུང་ཁུངས་ཐུབ་དག་དང་མཐུན་པའི་ཚུལ་ནི་སློབ་དཔོན་པད་མ་འབྱུང་གནས་དང་གནུབས་སངས་རྒྱས་ཡེ་ཤེས་སོགས་ཀྱིས་གསུངས་པ་བཞིན་ཡིན་པས་དེ་ལ་ནི་ཀླན་ཀ་བྱེད་དགོས་དོན་གང་ཡང་མེད་དོ། །སྦ་ཡེ་ཤེས་དབང་པོས་གསུངས་པའི་ལོ་རྒྱུས་སྦ་བཞེད་ལས་ཧཱ་ཤང་གི་ལྟ་བའི་བྱུང་རིམ་དང་ལྟ་བ་དེ་ཡང་དག་ཡིན་མིན་སོགས་ལ་དཔྱད་འཇོག་ཇི་ལྟར་གནང་འདུག་སྙམ་ན། དེ་ནི་ཐག་ཆོད་པར་དཀའ་བ་དང་རྩོད་པའི་གནས་ཤིག་ཏུ་གྱུར་འདུག་སྟེ་རྒྱུ་མཚན་ནི་རྩོམ་པ་པོ་སྦ་ཡེ་ཤེས་དབང་པོ་གཅིག་གིས་བརྩམས་པའི་བསྟན་བཅོས་སྦ་བཞེད་ལྟ་བུ་གཅིག་ལའང་བསྟན་བཅོས་སོ་སོར་གྱེས་འདུག་པས་གང་ཞིག་ཚད་ལྡན་དང་ཚད་ལྡན་མ་ཡིན་པ་འབྱེད་དགོས་ན་ཧ་ཅང་དཀའ་བའི་གནས་སུ་ཆགས་འདུག་སྟེ། རྒྱུ་མཚན། དབའ་བཞེད་དང་། སྦ་བཞེད། རྦ་བཞེད། སྦ་བཞེད་ཞབས་བཏགས་མ་སོགས་ཀྱི་ནང་དུ་བརྗོད་དོན་མི་འདྲ་བ་དང་བྱུང་རིམ་མི་འདྲ་བ་མང་ཙམ་འདུག་པས་གལ་ཏེ་རྩོམ་པ་པོ་གཅིག་གིས་རྩོམ་པའི་བསྟན་བཅོས་གཅིག་ཡིན་ན་དེ་འདྲ་ཅི་ལ་སྲིད་དེ་མི་སྲིད་དོ། ། དེ་ཚོའི་ནང་དུ་ལོ་རྒྱུས་དང་བྱུང་རིམ་མི་འདྲ་བ་ཇི་ལྟར་འདུག་སྙམ་ན་དེ་ནི་སྦ་བཞེད་དང་། སྦ་བཞེད་ཞབས་བཏགས་མ། དབའ་བཞེད་སོགས་ལས་ནི་སྤྱིར་ཡངས་ཀྱི་ལོ་རྒྱུས་དང་བརྗོད་གཞི་མི་འདྲ་བ་མེད་ཀྱང་། ཚིག་གི་ཟེར་མཚམས་དང་ལོ་རྒྱུས་ཀྱི་ཕྱོགས་རེ་རེ་ནས་མཐུན་ཟེར་ན་ཧ་ཅང་དཀའ་བའི་གནས་སུ་སྣང་ངོ་། །དེ་ལྟས་བརྩམས་པ་པོ་གཅིག་གིས་རྩོམ་པའི་བསྟན་བཅོས་ཚད་ལྡན་ཞིག་ཡིན་ཟེར་ན་སུས་ཀྱང་རྣ་བའི་ཡུལ་དུ་འགྲོ་བར་དཀའོ། །དེས་མ་ཚད་རྦ་བཞེད་ཅེས་པ་འདི་འང་དེས་བརྩམས་པའི་བསྟན་བཅོས་ཤིག་ཏུ་གྲགས་འདུག་པས་དེ་ལས་བྱུང་བའི་ལོ་རྒྱུས་ནི་གོང་གི་དེ་གསུམ་ལས་བྱུང་བའི་ལོ་རྒྱུས་དང་བསྡུར་ན་ཧ་ཅང་བརྗོད་གཞི་མི་མཐུན་པའི་ལོ་རྒྱུས་ཤིག་ཏུ་སྣང་འདུག་པས་དེ་ལ་ཇི་ལྟར་བྱ། རྦ་བཞེད་དེས་བརྩམས་པའི་བསྟན་བཅོས་མིན་ཟེར་ན་གང་གི་དེ་གསུམ་པོ་དེས་རྩོམ་པའི་བསྟན་བཅོས་ཡིན་པ་ལ་སྒྲུབ་བྱེད་ཇི་ལྟར་ཡོད། སྒྲུབ་བྱེད་མེད་པ་ལ་ཐགས་བཅད་པ་མ་སྔའོ། །མདོར་ན་བོད་ཀྱི་མཁས་པ་སྔ་མ་དག་གིས་སྦ་ཡེ་ཤེས་དབང་པོས་གསུངས་པའི་བསྟན་བཅོས་གང་རུང་ལ་གཞི་བཅོལ་ཏེ་ཧཱ་ཤང་དེ་ལྟ་སྤྱོད་གང་གི་ཐད་ནས་ཡིན་ན་ཡང་ཡང་དག་མ་ཡིན་པ་བསྒྲུབས་འདུག་མོད་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་གསུངས་པའི་བསྟན་བཅོས་ལ་གཞི་མ་བཅོལ་པའི་རྒྱུ་མཚན་ཅི་ལྟར་ཡིན་སྙམ་པའི་དོགས་པ་ཞིག་དང་། ཡང་ཧཱ་ཤང་དང་ཀ་མ་ལ་ཤཱི་ལ་གཉིས་ཀྱི་ངོས་ནས་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་སྟོན་རྩེན་གཉིས་ཀྱི་རྩོད་པ་ཆེན་པོ་ཞིག་བྱུང་ཚུལ་དང་། ཀ་མ་ལ་ཤཱི་ལ་རྒྱལ་ཚུལ་སོགས་ཀྱི་ལོ་རྒྱུས་མང་པོ་ཞིག་འདུག་མོད། འོན་ཀྱང་ཏུན་ཧོང་ནས་ཐོན་པའི་ཧཱ་ཤང་གི་ཡིག་ཆ་ཅིག་ཅར་འཇུག་པ་ཐེག་པ་ཆེན་པོའི་རིགས་པ་ཡང་དག་པར་ངེས་པ་ཞེས་བྱ་བ་ཧཱ་ཤང་མཁན་པོ་མ་ཧཱ་ཡ་ནས་གསུངས་ཤིང་ཁོང་གི་སློབ་མ་ཝང་ཤིས་ཀྱིས་ཟིན་བྲིས་ཕབ་པའི་གཞུང་དེ་ཉིད་ལས། མ་ཧཱ་ཡ་ན་ནི་ཚེ་གང་པོའི་རིང་ལ་ཐེག་པ་ཆེན་པོ་བསམ་གཏན་གྱི་ཆོས་ཁོ་ན་ཉམས་སུ་ལེན་པ་ཞིག་ཡིན་པ་ལས་ཆོས་འཆད་མཁན་གྱི་སློབ་དཔོན་ནི་མ་ཡིན། གལ་ཏེ་ཆོས་ཀྱི་རྣམ་གྲངས་དེ་མཉན་འདོད་ན། བྲམ་ཟེ་མཁན་པོ་ཀ་མ་ལ་ཤཱི་ལས་མདུན་ནས་ཉོན་ཅིག །མ་ཧཱ་ཡ་ན་ངས་གང་བཤད་ཐམས་ཅད་དགོངས་འགྲེལ་གྱི་བསྟན་བཅོས་ལ་བརྟེན་པ་མ་ཡིན་པར་ཐེག་པ་ཆེན་པོའི་མདོ་ལས་བསྟན་པ་ལྟར་བཤད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ན་ཧཱ་ཤང་དང་ཀ་མ་ལ་ཤཱི་ལ་གཉིས་ཀྱི་བར་ལ་རྩོད་པ་ཅི་ཡང་བྱུང་མེད་པ་དང་། ཡང་དེ་ཉིད་ལས། བཙན་པོས། མ་ཧཱ་ཡ་ནས་བསྟན་པའི་ཆོས་སྒོ་དེ་མདོ་སྡེ་དང་མཐུན་ཞིང་། ཡང་དག་པ་ཡིན་པས། དེ་ནས་བཟུང་ཆོས་སྒོ་དེ་དང་བསྟུན་ནས་ཉམས་སུ་ལེན་པར་གྱིས་ཞེས་བཀའ་བསྒྲགས་སོ། །ཞེས་གཞུང་དེ་དག་ལ་བལྟས་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཀྱང་ཧཱ་ཤང་ལ་དད་པ་དང་དེའི་གཞུང་དག་ལ་མཐོང་ཆེན་བྱས་ཡོད་ཚོད་འདུག་པས་བཙན་པོ་དང་ཡང་མི་འགྲིགས་པ་མེད་སྙམ། ཡང་གཞུང་དེ་ཉིད་ལས། བཙན་པོ་ལྷས་བདག་གི་མཁན་པོ་ལ་འདི་སྐད། ཟེར་བ་ནས། བསམ་གཏན་པའི་རྒྱལ་ཁའི་དར་ཆ་བསྒྲེངས་ཤིང་སྤོབས་པ་སྔར་བས་བསྐྱེད་དོ། །ཅེས་པའི་བར་བོད་ཀྱི་ཐེག་དམན་པ་དང་རྒྱའི་བསམ་གཏན་པ་གཉིས་རྩོད་པ་བྱས་ཚུལ་དང་བོད་ཀྱི་ཐེག་དམན་པ་ཕམ་ནས་རྒྱའི་བསམ་གཏན་པའི་སྒོ་ལ་འཇུག་ཅིང་བོད་ཀྱི་བཙུན་པ་མྱོང་ཤ་མི་དང་སྙ་བྱེ་མ་ལ་གཉིས་ཀྱིས་རང་ལུས་ཕུང་པོ་འདུས་བྱས་སུ་གཟིགས་ནས་མགོ་ལ་མེ་བཏང་བ་དང་ལུས་གྲི་ཡིས་གཏུབས་པ་སོགས་འགྱོད་བཤགས་ཀྱི་ཚུལ་དུ་བྱས་ནས་ཤི་བ་སོགས་ལོ་རྒྱུས་རགས་རིམ་ཙམ་ཞིག་འདུག་པས་འདིར་མང་བར་འཇིགས་ནས་མ་བྲིས་སོ། །གང་ལྟར་ལོ་རྒྱུས་སྨྲ་བ་དག་གིས་དོན་དངོས་ལས་བརྒལ་ཏེ་རྟོག་བརྗོད་བྱས་པ་ཡིན་ནམ་ཡང་ན་ལོ་རྒྱུས་ཀྱི་ཡིག་ཆ་དེ་ཚོའི་འགྱུར་མ་གསལ་བ་ཡིན། མདོར་ན་རྩོད་མེད་ཀྱི་ལོ་རྒྱུས་དང་བྱུང་རིམ་ལ་ཕུགས་མ་གཏུགས་པར་རྩོད་པ་དང་བཅས་ཤིང་འགྱུར་གསལ་མི་གསལ་གྱི་ལོ་རྒྱུས་ཤིག་ལ་ཕུགས་གཏུགས་དགོས་པའི་རྒྱུ་མཚན་ཇི་ལྟར་ཡིན་ཞེས་པའི་དྲི་བ་དེ་ལ་ནམ་ཞིག་སྟོབས་དང་ལྡན་པའི་ལན་ཞིག་འདེབས་རྒྱུ་ཡོད་པ་ཁོ་བོས་ཀྱང་རེ་ནས་ཡོད། གང་ལྟར་སྦ་ཡེ་ཤེས་དབང་པོས་བརྩམས་པའི་ལོ་རྒྱུས་ཀྱི་བསྟན་བཅོས་ཤིག་ཡོད་ཚོད་འདུག་མོད།  ད་ལྟར་དངོས་སུ་ཡོད་པའི་ལོ་རྒྱུས་དེ་ཚོ་ཡིན་མིན་ལ་ཐེ་ཚོམ་དང་བཅས་དོགས་གཞི་ཡི་ཚུལ་དུ་སྨྲས་པ་ཡིན་གྱི་ཐག་ཆོད་པའི་སྒྲུབ་བྱེད་ཅིག་ནི་ད་དུང་མ་རྙེད་དོ། །འོན་ཀྱང་ཧཱ་ཤང་གི་ལྟ་བ་དེ་ཡང་དག་ཡིན་པའི་སྒྲུབ་བྱེད་ཀྱི་ལོ་རྒྱུས་ཚད་ལྡན་ཅིག་མེད་པ་ནི་མ་ཡིན་ཏེ་ཧཱ་ཤང་དང་ཀ་མ་ལ་ཤཱི་ལ་གཉིས་ཀྱི་གང་གི་ཕྱོགས་སུ་ཡང་མ་ལྷུང་པའི་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་བསམ་གཏན་མིག་སྒྲོན་དང་། ངེས་པ་དོན་གྱི་སངས་རྒྱས་སློབ་དཔོན་པད་མ་འབྱུང་གནས་ཀྱིས་མཛད་པའི་བློན་པོའི་བཀའི་ཐང་ཡིག་སོགས་ལས་གསུངས་པ་བཞིན་ཁོ་བོས་ཀྱང་དེ་ལྟར་བརྗོད་པར་བྱའོ། །ད་ནི་གཉིས་པ་ལུང་རིགས་དང་བསྒྲིགས་ནས་སྒྲུབ་པ་ལ། མཁས་པ་ཀ་མ་ལ་ཤཱི་ལས་ཧ་ཤང་དང་པོ་འགོག་པའི་དབུ་ཚུགས་པ་ནས་བོད་ཀྱི་སྔ་ཕྱིར་རིམ་པར་འབྱུང་བའི་མཁས་དབང་དག་གིས་ཀྱང་དེའི་རྗེས་སུ་འཇུག་སྟེ་དགག་པ་རབ་དང་རིམ་པ་ཞིག་མཛད་འདུག་མོད། དེ་ཚོས་ནི་སྒོམ་རིམ་ལས་མ་གསུངས་པའི་རིགས་པ་ཁ་སྣོན་དང་ལུང་གསར་དྲངས་གང་ཡང་བྱས་མི་འདུག་པས་འདིར་རེ་རེ་བཞིན་སྤྲོ་བ་མི་བྱའོ། །འོ་ན་སྒོམ་རིམ་ལས་གསུངས་པ་ལ་འགལ་སྤོང་དང་ཀ་མ་ལ་ཤཱི་ལའི་དགོངས་བཞེད་ཇི་ལྟར་ཡིན་པ་སོགས་ཀྱི་རྣམ་བཞག་རགས་ཙམ་བརྗོད་ན་འདི་ལྟར། སྒོམ་རིམ་གསུམ་པ་ལས། གང་དག་ཅི་ཡང་མི་སེམས་ཅི་ཡང་མི་བྱེད་པ་དེ་དག་ནི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་མི་བསམ་མོ། །སྦྱིན་པ་ལ་སོགས་པ་དགེ་བའི་སྤྱོད་པར་ཡང་མི་བྱའོ། །སྦྱིན་པ་ལ་སོགས་པ་སྤྱོད་པ་ནི་སྐྱེ་བོ་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིན་ནོ། །     ཞེས་ཕྱོགས་སྔར་བཀོད་པ་ལྟར་མ་ཧཱ་ཡ་ནས་ཀྱང་དེ་ལྟར་འདོད་པ་ཡིན་ནོ། །  དེ་དགག་པ་ལ་སྒོམ་རིམ་ལས། དེ་སྐད་ཀྱང་སྨྲ་བ་དེས་ནི་ཐེག་པ་ཆེན་པོ་མཐའ་དག་སྤོང་བ་ཡིན་ནོ། །ཐེག་པ་ཐམས་ཅད་ཀྱི་རྩ་བ་ནི་ཐེག་པ་ཆེན་པོ་ཡིན་པས་དེ་སྤངས་ན་ཐེག་པ་ཐམས་ཅད་སྤངས་པར་འགྱུར་རོ། །ཞེས་དང་ཡང་དེ་ཉིད་ལས། དགེ་བ་ལ་སོགས་པའི་ལས་ཅི་ཡང་མི་བྱའོ་ཞེས་ཟེར་དེ་ནི་དེ་སྐད་སྨྲ་བས་ལས་ཟད་ནས་གྲོལ་བར་འགྱུར་རོ་ཞེས་མུ་སྟེགས་ཅན་ཀུན་ཏུ་ཚོལ་བའི་སྨྲ་བ་ཁས་བླངས་པར་འགྱུར་རོ། །ཞེས་སྤྱོད་པ་མི་དགོས་པ་ལ་དགག་པ་བྱས་པའི་རིགས་པ་དེ་དག་གི་ལན་དུ་ཁོ་བོས་ཧཱ་ཤང་གི་གཞུང་དང་བསྟུན་ནས་དོན་དངོས་ཀྱི་ལེན་ཅིག་འདེབས་པ་བྱས་ན་འདི་ལྟར། ཧཱ་ཤང་མ་ཧཱ་ཡ་ནའི་ལུགས་ཀྱི་སངས་རྒྱལ་བའི་ལམ་རིམ་ནི་གང་ཟག་ལ་དབང་པོ་རྣོ་རྟུལ་ཡོད་པ་བཞིན་དེ་ལྟོས་ཀྱི་ལམ་རིམ་ཡང་ཟབ་མི་ཟབ་གཉིས་སུ་ཡོད་པ་ཤེས་དགོས་སོ། །གང་ཞེ་ན་དེ་ནི་སྐལ་ལྡན་ཅིག་ཅར་པའི་ལམ་དང་། སྐལ་དམན་རིམ་གྱིས་པའི་ལམ་མོ། །དེ་ལ་གནུབ་སངས་རྒྱས་ཡེ་ཤེས་ཀྱིས་དེའི་ཐ་སྙད་དེ་ཀ་མ་ལ་ཤཱི་ལའི་ལམ་རིམ་དང་།  ཧཱ་ཤང་གི་ལམ་རིམ་གཉིས་ལ་སྦྱར་ནས་བཤད་པ་ཡང་ཡོད་དེ། དེ་ཉིད་ཀྱིས་མཛད་པའི་བསམ་གཏན་མིག་སྒྲོན་ལས། རྒྱུའི་ཐེག་པའི་ལུགས་ཀྱིས་ཀྱང་དབང་པོ་རྣོ་རྟུལ་གྱི་བྱེ་བྲག་གི་གཉིས་ཏེ། རིམ་གྱིས་པ་དང་། ཅིག་ཅར་པའོ། །དེ་ལ་རིམ་གྱིས་པ་ནི། རྒྱ་དཀར་པོའི་སློབ་དཔོན་ཀ་མཱ་ལའི་འདོད་གཞུང་སྟེ། དྲང་བའི་དོན་གྱི་ཡོངས་སུ་མ་རྫོགས་པའི་གཞུང་ངོ་། །ཅིག་ཆར་འཇུག་པ་ནི། འོད་སྲུང་དང་། སློབ་དཔོན་དྷར་མོ་ར་ལས་བརྒྱུད་པ་ནི། བོ་དྷི་དྷ་རྨོ་ཏྟ་ར་ནི་ཤར་ཕྱོགས་ནས་རྒྱ་མཚོ་བརྒལ་ནས་འོངས་ཏེ། རྒྱ་ཡུལ་ལི་ཀུན་དུ་ཕྱིན་པ་དང་། ཞེས་པ་ནས་དེས་བརྒྱུད་པའི་ཐ་མ་ཧཱ་ཤང་མ་ཧཱ་ཡ་ན་ཡི་གཞུང་ཅིག་ཅར་འཇུག་པ་སྟེ་ཡོངས་སུ་རྫོགས་པའི་མདོ་སྡེའི་གཞུང་ངོ་། །ཞེས་ཅིག་ཅར་དང་རིམ་གྱིས་པའི་ཐ་སྙད་དེ་དེ་ལྟར་སྦྱར་ཡང་དེའི་དགོངས་པ་ནི། ཀ་མ་ལ་ཤཱི་ལས་བསྟན་པའི་ལམ་རིམ་འདི་ནི་སྤྱོད་པ་རྩལ་དུ་བཏོན་ཞིང་དབང་པོ་རྣོ་རྟུལ་ཅི་རིགས་ལ་གདམས་པའི་ལམ་རིམ་ཞིག་ཡིན་པས་རིམ་གྱིས་པ་ཞེས་ཟེར་ལ། མ་ཧཱ་ཡ་ནའི་གསུངས་པའི་ལམ་རིམ་ནི་ལྟ་བ་རྩལ་དུ་བཏོན་ཞིང་དབང་པོ་རྣོན་པོར་གཙོ་བོ་བྱས་པའི་ལམ་རིམ་ཡིན་པས་ཅིག་ཅར་པ་ཞེས་ཟེར་རོ། །དེའི་རྒྱུ་མཚན་ཡང་ཧཱ་ཤང་གི་གཞུང་ཅིག་ཅར་འཇུག་པ་ཐེག་པ་ཆེན་པོའི་རིགས་པ་ཡང་དག་པར་ངེས་པ་ཞེས་བྱ་བ་ལས། འདིར་བཅོམ་ལྡན་འདས་ཀྱི་རིང་ལུགས་དང་མཁན་པོ་རྣམས་ཀྱིས་ཀྱང་ཕར་ཕྱིན་དྲུག་སོགས་དགེ་བའི་སྤྱོད་པ་གླེང་བཞིན་ཡོད་མོད། རང་ཉིད་ཀྱིས་ལག་ལན་དུ་མ་སྤྱོད་ལ། སློབ་མ་དང་རྗེས་འབྲང་དག་ལའང་ཆོས་སྤྱོད་དེ་དག་མི་བསྟོན་ཏོ། །རྗེས་འབྲང་སློབ་མ་རྣམས་ཀྱང་དེ་ལྟར་རེད། ཁོ་བོས་དེ་དག་ཡང་ཡང་ཐོས་སོ། །འོན་ཀྱང་ཁོ་བོས་སློབ་མ་རྣམས་བསྟན་པ་ཐམས་ཅད་ནི། གསུང་རབ་ཀྱི་དགོངས་དོན་ཇི་བཞིན་བསྟན་པ་ཡིན། ཁོ་བོས་སྤྱོད་པ་གང་བྱས་དང་། སློབ་མ་རྣམས་ལ་བསྟན་པའི་ཆོས་སྒོ་དང་། སློབ་མ་རྣམས་ཀྱིས་བསླབ་པའི་གནས་གང་ཡིན་རེ་རེ་བཞིན་རང་ཉིད་ཀྱི་འདོད་ཚུལ་གང་ཡིན་སྙན་ལ་གསོལ་བ་ཡིན། སོ་སྐྱེ་ཕལ་བ་རྣམས་ཤེས་རབ་ཀྱི་སྟོབས་ཞན་པ་ལ་བརྟེན། ཆོས་སྤྱོད་ཀྱི་ཕར་ཕྱིན་དྲུག་འགལ་མེད་དུ་སྤྱོད། ཅེས་པ་ལས་ཧཱ་ཤང་གི་གཞུང་འདི་དབང་པོ་རྣོན་པོ་ལ་གཙོ་བོ་བསྟན་པའི་གཞུང་ཡིན་པར་གྲུབ་བོ། །གང་ལྟར་ཀ་མ་ལ་ཤཱི་ལས་སྤྱོད་པ་མ་མཛད་པ་ལ་དགག་པའི་དགག་ཚིག་དེ་དག་ནི་ལྟ་བ་གཙོ་བོ་བསྟན་པའི་ཆ་ལ་དགག་པ་ཡིན་གྱི་ཧཱ་ཤང་གི་གཞུང་དག་ལས་ཀྱང་སྤྱོད་པ་གཏན་ཁས་མི་ལེན་པ་ནི་མ་ཡིན་ནོ། །སྤྱོད་པ་དེ་ལའང་ཐབས་སུ་སོང་བའི་སྤྱོད་པ་དང་། ཐབས་སུ་མ་སོང་བའི་སྤྱོད་པ་གཉིས་སུ་ཡོད་པ་ཤེས་དགོས་ཏེ། དེའི་རྒྱུ་མཚན་ནི་ཉིད་ཀྱིས་མཛད་པའི་མདོ་སྡེ་བརྒྱད་བཅུ་པའི་ཁུངས་ལས། ཁ་ཅིག་ན་རེ། དང་པོ་སེམས་བསྐྱེད་ནས། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པས། ཅིག་ཅར་སྒོམ་དུ་མི་རུང་ངམ་ཞེ་ན། དེའི་ལན་བཤད་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་དྲངས་པར། དང་པོ་སེམས་བསྐྱེད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ། །ཞེས་དང་ཡང་དེ་ཉིད་ལས། གཙུག་ཏོར་ཆེན་པོའི་མདོ་དྲངས་པར། དོན་ཅིག་ཅར་གོ་མ་ཐག་ཏུ་ཅིག་ཅར་ཐམས་ཅད་འབྱུང་ངོ་། །དངོས་པོ་ཐམས་ཅད་ནི་ཅིག་ཅར་ཟད་པ་མ་ཡིན་གྱི་རིམ་གྱིས་འབྱུང་ངོ་། །ཞེས་དང་ཡང་དེ་ཉིད་ལས། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དྲངས་པར། རྒྱུ་རྐྱེན་རྟེན་འབྲེལ་བཤད་པ་དང་། །རིམ་པར་འཇུག་པ་བསྟན་པ་ཡང་། །རྨོངས་པ་རྣམས་ལ་ཐབས་ཀྱིས་གསུངས། །ཡང་དེ་ཉིད་ལས། ཤེར་ཕྱིན་གྱི་མདོ་དྲངས་པར། ལས་དང་པོ་པས་སེམས་དང་པོར་བསྐྱེད་པ་ནས། ཉེ་བར་བརྩམས་ཏེ། ཆོས་ཐམས་ཅད་དམིགས་སུ་མེད་པ་ལ་བསླབས་པར་བྱའོ་ཞེས་སོགས་ཀྱི་གཞུང་ལ་བལྟས་ན་ཐབས་སུ་སོང་བའི་སྤྱོད་པའམ་སྐལ་དམན་རིམ་གྱིས་པ་ལ་གཙོ་བོ་སྟོན་པ་ཡིན་ནོ། །འོ་ན་ཐབས་སུ་མ་སོང་བའི་སྤྱོད་པའམ་སྐལ་ལྡན་ཅིག་ཅར་པ་ལ་སྟོན་པའི་གཞུང་གང་དག་ཡོད་ཅེ་ན། དེ་ཡང་མདོ་སྡེ་བརྒྱད་བཅུ་པ་ལས། ཁ་ཅིག་ན་རེ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པས། །སེམས་ཅན་གྱི་དོན་བྱེད་པ་མི་ནུས་སོ་ཞེ་ན། དེ་ལ་བཤད་པ། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དྲངས་པར། རབ་འབྱོར་འདི་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གསུམ་པོ་ལ་གནས་ཤིང་། སེམས་ཅན་གང་རྣམ་པར་རྟོག་པའི་འདུ་ཤེས་ལ་སྤྱོད་པ་དེ་དག་ནི། སྟོང་པ་ཉིད་ལ་རབ་ཏུ་བཀོད་དོ། །སེམས་ཅན་གང་མཚན་མ་ལ་སྤྱོད་པ་དེ་དག་ནི་མཚན་མ་མེད་པ་ལ་བཀོད་དོ། །སེམས་ཅན་གང་སྨོན་པ་ལ་སྤྱོད་པ་དེ་དག་ནི་སྨོན་པ་མེད་པ་ལ་རབ་ཏུ་བཀོད་དོ། །ཞེས་དང་ཡང་དེ་ཉིད་ལས། ཁ་ཅིག་ན་རེ། དཀོན་མཆོག་གསུམ་དྲན་པ་མི་བྱ་མི་རུང་ངོ་ཞེ་ན། དེ་ལ་བཤད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དྲངས་པར། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས་པར་བྱེད་དེ། སངས་རྒྱས་རྗེས་སུ་དྲན་པར་སྒོམ་མོ། །དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་ན། སངས་རྒྱས་རྗེས་སུ་དྲན་པའོ། །དེ་ཉིད་ཆོས་ཉིད་རྗེས་སུ་དྲན་པའོ། །དེ་ཉིད་དགེ་འདུན་རྗེས་སུ་དྲན་པའོ། །ཞེས་དང་ཡང་སྡུད་པའི་ཚིགས་སུ་བཅད་པ་དྲངས་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསླབ་པར་བྱས་པ་རྣམས་ཀྱིས་ནི། ཕ་རོལ་ཏུ་ཕྱིན་པ་གཞན་ཐམས་ཅད་འདིར་ན་འདུས་པར་འགྱུར་ཞེས་དང་། ཡང་འཕགས་པ་ཟླ་བ་སྒྲོན་མའི་མདོ་དྲངས་པར། གང་ཞིག་ཆོས་གཅིག་ཉམས་སུ་ལྡན་ན། ཡོན་ཏན་གྱི་ཚོགས་ཐམས་ཅད་རྫོགས་པར་འགྱུར་རོ། །ཞེས་སོགས་ཀྱི་གཞུང་ལ་ལྟས་ན་སྟོང་ཉིད་ཀྱི་ལྟ་བའི་ངང་ནས་སྙིང་རྗེ་སྐྱེ་ཆོག་པ་ཅིག་ཀྱང་འདུག་གོ །འོན་ཀྱང་དེ་ལ་ཐབས་སུ་སོང་བའི་སྤྱོད་པ་མི་ཟེར་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། ཐབས་སུ་སོང་བའི་སྤྱོད་པ་ནི་ལྟ་བ་དང་པོ་ཉིད་ནས་བསྟན་ཀྱང་དེ་རྟོགས་མི་ནུས་པའི་གང་ཟག་ལ་བློ་རིམ་གྱིས་སྦྱོང་བའི་ཆད་དུ་ཡིན་པས་དེ་ནི་ཐབས་ཀྱིས་རིམ་པར་དྲངས་བའི་ལྟ་བ་ཡིན་པ་བཞེད་དོ། །ཐབས་སུ་མ་སོང་བའི་སྤྱོད་པ་ནི་དེ་ལྟར་མ་ཡིན་ཏེ། ལྟ་བ་དང་པོར་རྟོགས་པ་ལ་དེའི་ངང་ནས་ཐབས་སྙིང་རྗེ་ཆེན་པོ་སོགས་དྲངས་དགོས་པས་སོ། །མདོར་ན་ལྟ་བ་ལ་བརྟེན་ནས་སྤྱོད་པ་རྟོགས་པ་དང་། སྤྱོད་པ་ལ་བརྟེན་ནས་ལྟ་བ་རྟོགས་པའི་གོ་རིམ་དེ་ཤེས་པར་བྱའོ། །སྤྱིར་ན་ཧཱ་ཤང་མ་ཧཱ་ཡ་ནའི་ལུགས་ལ་སྐལ་ལྡན་ཅིག་ཅར་པ་དང་། སྐལ་དམན་རིམ་གྱིས་པ་གཉིས་ཀྱི་ཐ་སྙད་ཙམ་ཞིག་བྱུང་བ་ཡིན་ནོ། །དེ་གཉིས་ནི་གྲུབ་མཐའི་སྒོ་འབྱེད་བྱེད་ཡིན་པ་མ་གྲགས་སོ། །འོན་ཀྱང་དབུ་མ་པའི་ལུགས་ལ་བདེན་པ་གཉིས་པོ་གྲུབ་མཐའི་སྒོ་འབྱེད་བྱེད་ཡིན་པ་ལྟར་འདི་བའི་ལུགས་ལ་ཡང་དེ་གཉིས་པོ་གྲུབ་མཐའི་སྒོ་འབྱེད་བྱེད་དུ་བཞག་ན་གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡོད་པ་ཞིག་གོ །ཀ་མ་ལ་ཤཱི་ལས་སྤྱོད་པ་མེད་པ་ལ་དགག་པ་བྱས་པ་དག་ནི་དེ་ཙམ་གྱིས་ལན་ཕོག་པ་བྱས་ནས་ད་ནི་ལྟ་བ་མི་འཐད་པ་ལ་རྩོད་སྤོང་གི་ཚུལ་དུ་འཇུག་པར་བྱས་ན། བསྒོམ་རིམ་གསུམ་པ་ལས། གལ་སྟེ་ཆོས་ཐམས་ཅད་ལ་དྲན་པ་མེད་པ་དང་། ཡིད་ལ་བྱ་བ་མེད་པས་འཇུག་གོ་ཞེ་ན། ཞེས་པ་ནི་ཕྱོགས་སྔ་ཡིན་པས་ཧཱ་ཤང་མ་ཧཱ་ཡ་ནས་ཀྱང་ལྟ་བའི་ངོས་ནས་དེ་ལྟར་འདོད་པ་ཡིན་ནོ། །དེ་དགག་པ་ལ་བསྒོམ་རིམ་ལས། དེ་ཡང་རིགས་པ་མ་ཡིན་ཏེ། ཡང་དག་པར་སོ་སོར་རྟོགས་པ་མེད་པར་ནི་ཉམས་སུ་མྱོང་བའི་ཆོས་ཐམས་ཅད་མི་དྲན་པ་བྱ་བ་དང་། ཡིད་ལ་མི་བྱ་བར་བྱེད་མི་ནུས་སོ། །གལ་ཏེ་བདག་གིས་ཆོས་འདི་དག་དྲན་པ་མི་བྱའོ། །ཡིད་ལ་མི་བྱའོ་སྙམ་དུ་དེ་ལྟར་བསྒོམ་ཞིང་དེ་དག་ལ་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་བསྒོམ་པ་ནི་དེའི་ཚེ་དེས་དེ་དག་ཤིན་ཏུ་དྲན་པ་དང་། ཤིན་ཏུ་ཡིད་ལ་བྱེད་པར་འགྱུར་རོ། །ཞེས་མཁས་པས་བྲིས་པའི་དགག་ཚིག་འདི་ལ་ཁོ་བོའི་རང་རྐྱ་ལས་སྐྱེས་པའི་རྣམ་དཔྱོད་ཀྱིས་ལན་ཐེབས་མི་ནུས་ཀྱང་གཞུང་ལུགས་ཚད་ལྡན་དང་གུང་བསྒྲིགས་ནས་ལན་ཅིག་སྤྲོལ་བར་བྱས་ན་འདི་ལྟར། སྤྱིར་མ་ཧྭ་ཡ་ནའི་ལུགས་ལ་ལྟ་བ་བདག་མེད་པ་ལ་མཉམ་པར་བཞག་པའི་ཚེ་དྲན་པ་དང་། ཤེས་བཞིན་མི་དགོས་པ་ནི་མ་ཡིན་ལ། རིགས་པས་བརྟགས་དཔྱད་མ་བྱས་པར་མཉམ་པར་འཇོག་པ་ནི་དེ་བས་ཀྱང་ག་ལ་ཡིན་ཏེ་མ་ཡིན་ནོ། །དེའི་རྒྱུ་མཚན་ཡང་། མདོ་སྡེ་བརྒྱད་བཅུ་པའི་ཁུང་ལས། རྟ་སྐད་བྱང་ཆུབ་སེམས་པའི་མདོ་དྲངས་པར། དྲན་པའི་མཚན་མ་ཕྲ་མོ་དང་བྲལ་ཏེ། སེམས་ཀྱི་ངོ་བོ་ཉིད་མཐོང་ན་དེ་ནི་སེམས་རྟག་པར་གནས་པས་དེའི་མིང་ལ་ངོ་བོ་ཉིད་ཚོར་བའོ།།ཞེས་པའི་གཞུང་ལ་ལྟས་ན་དྲན་པ་དང་ཤེས་བཞིན་གྱིས་འཚོལ་དགོས་པ་ནི་གསལ་ལོ། །འོན་ཀྱང་དེང་སང་ཕལ་མོ་ཆེ་ཞིག་གིས་ཧཱ་ཤང་གི་གཞུང་ནང་དུ་དྲན་པ་དང་ཤེས་བཞིན་གྱིས་སྐྱོང་དགོས་པ་མ་བསྟན་པས་ཧཱ་ཤང་གིས་དེ་ཁས་མི་ལེན་ནོ་སྙམ་ན། དེ་ནི་མ་ངེས་པའི་རང་ཤར་གྱི་རྟོག་པ་ཞིག་སྟེ། ཁྱོད་ཀྱིས་བརྩམས་པའི་གཞུང་གི་ནང་དུ་མ་བསྟན་ན་དེ་ཁས་མི་ལེན་པའི་ཁྱབ་པར་དེ་རིགས་པ་སྨྲ་བ་སུ་ཞིག་གིས་སྤྱིར་འགྲོས་ཡིན་ནམ། དེ་ལས་གཞན་པའི་ཁས་མི་ལེན་པ་ལ་སྒྲུབ་བྱེད་ཅི་ཡོད། མ་ཚད་གོང་དུ་རྟ་སྐད་བྱང་ཆུབ་སེམས་པའི་མདོ་དྲངས་པར་ལྟ་ན་དྲན་པ་དང་ཤེས་བཞིན་དགོས་པ་ནི་གསལ་ཏེ། དྲན་པའི་མཚན་མ་བྱིང་རྒོད་རྨུགས་གསུམ་དང་བྲལ་ནས་སེམས་རྟག་པར་གནས་པ་དེ་ནི་ཉམས་ལན་གྱི་གནད་གལ་ཆེན་པོ་ཞིག་ཏུ་སྣང་ངོ་། །རིགས་པས་རྟགས་དཔྱད་མ་བྱས་པ་ཡང་མ་ཡིན་ཏེ། དེའི་རྒྱུ་མཚན་ནི། མདོ་སྡེ་བརྒྱད་བཅུ་པའི་ཁུངས་ལས། ཀུན་རྫོབ་ཏུ་ཕྱི་ནང་གི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མའི་མཚན་ཉིད་ཙམ་དུ་ཡོད་ལ། དོན་དམ་པར་ནང་གི་སེམས་དང་ཕྱིའི་ཡུལ་གཉིས་ཀ་ཡང་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་མ་སྐྱེས་པས། །རང་བཞིན་དང་དངོས་པོ་མེད་དེ། ཡོད་མེད་ཀྱི་མཐའ་གང་ལ་ཡང་མ་ཆགས་པ་མི་གནས་པ་ལགས་སོ། །ཞེས་པའི་གཞུང་ལ་ལྟས་ན་རྡོ་རྗེ་ཟེགས་མའི་གཏན་ཚིགས་དངོས་སུ་བཀོད་འདུག་པ་དང་། ཡང་ཁ་ཅིག་གིས་འདི་པའི་ལུགས་ལ་རྟོག་པ་བཙན་དགག་བྱས་པ་ཡིན་གྱི་སྔོན་དུ་ཐོས་པ་སོགས་གང་ཡང་མི་འདུག་པས་ལྟ་བ་ལོག་པ་ཡིན་   ཟེར་བ་དག་ལ་ནི་ལན་འདི་ལྟར་བྱ་སྟེ། མདོ་སྡེ་བརྒྱད་བཅུ་པའི་ཁུངས་ལས། ཁ་ཅིག་ན་རེ། ཐོས་པ་མང་པོ་མི་བྱའོ་མི་རུང་ངོ་ཞེ་ན། དེ་ལ་བཤད་པ། ལང་ཀར་གཤེགས་པའི་མདོ་ལས། མང་དུ་ཐོས་པ་ཞེས་བྱ་བ་ནི། དོན་ལ་མཁས་པ་ཡིན་གྱི་ཚིག་ལ་མཁས་པ་མ་ཡིན་ནོ་ཞེས་གསུངས་པས། བསམ་པའི་འབྱེད་པ་ནི་མ་ཡིན་ཏེ། ཡོད་པ་གྱིས་ཤིག །ཞེས་ཚིག་དོན་གཉིས་ཀ་ལ་མཁས་དགོས་པར་གསུངས་སོ། །ཀ་མ་ལ་ཤཱི་ལ་གཙོས་བྱས་པའི་བོད་སྔ་ཕྱིར་མཁས་པ་དག་གིས་ཧཱ་ཤང་གི་ལུགས་འདི་ལ་དགག་པ་བྱས་པ་ཐམས་ཅད་དོན་མེད་པ་ནི་མ་ཡིན་ནོ། །འོན་ཀྱང་དགག་པ་བྱས་ཚུལ་ལྟར་དུ་གནས་ཟེར་ན་ཧ་ཅང་དཀའ་བའི་གནས་སུ་སྣང་ངོ་། །དེའང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གོ་བོ་རབ་འབྱམས་པས་ཀྱང་། ཆོས་རྗེ་ཙོང་ཁ་པ་ལ་དབུ་མ་རློམ་པ་ཟེར་བ་དང་། ཡང་རྗེ་བཙུན་རེ་འདའ་བ་ཆེན་པོས། དོལ་པུ་བ་ཤེས་རབ་རྒྱལ་མཚན་ནང་པ་སངས་རྒྱས་པ་ལས་ཕྱི་རོལ་དུ་གྱུར་པ་ཡིན་པ་སོགས་ཀྱི་དགག་བཞག་བྱས་ཡོད་ཀྱང་དེ་དག་དེ་

བཞིན་དུ་གནས་ཟེར་ན་ཧ་ཅང་ཐལ་ཆེ་བའི་གནས་སུ་སྣང་ངོ་། །དེ་ལྟར་འདོད་པའི་མཁས་པའང་མེད་དོ། །མདོར་ན་ཧཱ་ཤང་མ་ཧཱ་ཡ་ནའི་ལུགས་ཀྱི་ལྟ་བ་འདི་ནི། མདོ་སྔགས་ཟུང་དུ་འབྲེལ་བའི་ལམ་མཆོག །ལྟ་སྤྱོད་ཟུང་དུ་འབྲེལ་བའི་གཞུང་བཟང་། སྐལ་དམན་རིམ་གྱིས་པ་ལ་རིམ་གྱིས། སྐལ་ལྡན་ཅིག་ཆར་བ་ལ་ཅིག་ཆར། མདོར་ན་གང་ལ་གང་མོས་ཀྱི་ཆོས་ཟབ་མོ་བསམ་གཏན་པའི་ཆོས་འདི་ནི་མདོ་རྒྱུད་ཟབ་མོ་ཀུན་དང་མཐུན་པའི་ཆོས་ཤིག་ཏུ་སྣང་ངོ་། །དེ་ལྟ་བུའི་ཧཱ་ཤང་གི་གཞུང་འདི་དང་། དཔལ་ལྡན་ས་སྐྱ་པའི་ལྟ་བ་གཉིས་པོ་དོན་གྱི་གྲུབ་ཚུལ་གཅིག་ཏུ་སྒྲིལ་ན་འདི་ལྟར། སྤྱོད་པ་ལ་སྒྲུབ་ཚུལ་དང་། ལྟ་བ་ལ་སྒྲུབ་ཚུལ་ལོ། །དང་པོ་ལ་ས་སྐྱ་པ་དང་ཧཱ་ཤང་གཉིས་པོ་སྤྱོད་པའི་ངོས་ནས་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ཏེ། ཧཱ་ཤང་གི་ལུགས་ལ་གོང་དུ་སྨོས་པ་བཞིན་སྤྱོད་པ་ལ་ཐབས་སུ་སོང་མ་སོང་གཉིས་ཀྱི་སྒོ་ནས་ཤེས་དགོས་སོ། །འོན་ཀྱང་ས་སྐྱ་པ་དག་གིས་ནི་དེ་ལྟར་མ་ཡིན་པ་སྤྱོད་པ་ཡིན་ན་ཐབས་སུ་སོང་བའི་སྤྱོད་པ་ཡིན་པ་ཞིག་དགོས་སོ། །དེ་གཉིས་མི་འགལ་བའི་ཚུལ་ཇི་ལྟར་སྙམ་ན། དེ་ནི་མ་ཧཱ་ཡ་ནས་ལྟ་བ་བདག་མེད་རྟོགས་པ་ཁོ་ན་ལ་དགོངས་ཤིང་། ས་སྐྱ་་པ་དག་གིས་ནི་དེ་ཙམ་མ་ཡིན་པ་སངས་རྒྱས་ཐོབ་པ་ལའང་དེ་མེད་ན་མི་ནུས་པ་ལ་དགོངས་སོ། །དེའང་ཚུལ་ཇི་ལྟ་ན། མ་ཧཱ་ཡ་ནས་དགེ་བའི་སྤྱོད་པ་མི་དགོས་ཟེར་བ་དང་། སྤྲིན་དཀར་ནག་གང་གིས་ཀྱང་སྒྲིབ་ན་སྒྲིབ་པ་ཉིད་དུ་འགྱུར་འགྲོ་བ་སོགས་ཀྱི་རྣམ་གཞག་དེ་ནི་སྐལ་ལྡན་ཅིག་ཆར་པ་ལ་དགོངས་སོ། །དེའི་རྒྱུ་མཚན་ནི། སྐལ་ལྡན་ཅིག་ཆར་པ་དེ་ནི་དབང་པོ་རྣོན་པོ་ཡིན་པས་དང་པོ་ཉིད་ནས་ལྟ་བ་རྟོགས་པ་ལ་སྤྱོད་པ་སྔོན་དུ་འགྲོ་མི་དགོས་པས་སོ། །སྐལ་དམན་རིམ་གྱིས་པ་ལ་ནི་དེ་ལྟར་མ་ཡིན་ཏེ་དང་པོ་ཉིད་ནས་ཤེས་རབ་ཀྱི་སྟོབས་ཞན་པས་བློ་སྦྱོང་གི་ལམ་གྱི་རིམ་པ་ལ་རྟེན་ནས་རིམ་གྱིས་ལྟ་བ་བདག་མེད་པ་ལ་འཇུག་པར་བྱའོ། །ས་སྐྱ་པ་དག་གི་ལམ་གྱི་རིམ་པའང་དེ་དང་གཉིས་སུ་མེད་དེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་ཀྱང་། ལྟ་བ་ངན་སེལ་ལས། ཐལ་འགྱུར་གྱི་རིགས་པས་ལོག་རྟོག་བཅོམ་པའི་སྒོ་ནས་བསྟན་པར་བྱ་བ་དང་། ལས་དང་པོ་པ་བློ་རིམ་གྱིས་སྦྱངས་ནས་བསྟན་པར་བྱ་བ་དང་། ཐེག་ཆེན་གྱི་རིགས་སད་པ་ལ་དང་པོ་ཉིད་ནས་བསྟན་པར་བྱ་བ་རྣམས་སོ། །ཞེས་བློ་ཡི་རིམ་པ་མི་འདྲ་བ་གསུམ་ལ་བསྟན་ཚུལ་མི་འདྲ་བ་གསུམ་གསུངས་སོ། །ཡང་རྗེ་རེ་མདའ་བ་གཞོན་ནུ་བློ་གྲོས་ཀྱིས། འཇུག་པའི་རྣམ་བཤད་གསལ་བའི་སྒྲོན་མེ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པའི་བསྟན་བཅོས་འདིའང་སྔར་གོམས་པའི་སྟོབས་ཀྱིས་རྒྱུད་ལ་སྟོང་པ་ཉིད་ཀྱི་ས་བོན་བཞག་པ་རྣམས་ཁོ་ན་ལ་བསྟན་པར་བྱའི། གཞན་དག་ལ་མ་ཡིན་ཏེ། དེ་དག་གིས་སྟོང་པ་ཉིད་ཉན་དུ་ཟིན་ཀྱང་དེ་ལ་ལོག་པར་ཞུགས་པས་དོན་མ་ཡིན་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཞེས་པའི་གསུངས་ལ་བལྟས་ན། མ་ཧཱ་ཡ་ནའི་ལུགས་ཀྱི་ཅིག་ཆར་པའི་ལྟ་བ་དང་ཤིན་ཏུ་མཐུན་པའི་གནས་སུ་སྣང་ངོ་། །དེའི་ཕྱིར་ས་སྐྱ་པ་དང་ཧཱ་ཤང་བར་ལ་སྤྱོད་པ་ཡོད་མེད་ཀྱི་ཁྱད་པར་ཅི་ཙམ་ཕྱས་ཀྱང་རི་བོ་རུམ་དུ་སྦས་པའི་བླུན་རྟགས་ཀྱི་མཚང་རང་ཤུགས་ཀྱིས་ཤོར་བའོ། །ད་ནི་གཉིས་པ་ལྟ་བ་ལ་སྒྲུབ་ཚུལ་ནི། ཧཱ་ཤང་མ་ཧཱ་ཡ་ནས་ཀྱང་ལྟ་བ་མཐའ་བཞི་སྤྲོས་བྲལ་ཁས་ལེན་པ་ཡིན་ནོ། །འོན་ཀྱང་རྟོག་པ་བཙན་དགག་བྱས་ཚུལ་དང་དྲན་ཤེས་ཀྱིས་འཚོལ་མི་འཚོལ་སོགས་ནི་གོང་དུ་བརྗོད་ཟིན་པས་འདིར་བསྐྱར་དུ་སྤྲོས་པ་ལ་དགོས་པ་མ་མཆིས་སོ། །དེ་མིན་ས་སྐྱ་པ་དག་གིས་ཀྱང་མཐའ་བཞི་སྤྲོས་བྲལ་ཁས་ལེན་པ་ཡིན་ནོ། །འོ་ན་ཧ་ཤང་མ་ཧཱ་ཡ་ནས་སྤྲོས་བྲལ་ཁས་ལེན་པའི་གཞུང་ཁུངས་ཐུབ་གང་དག་ཡོད་སྙམ་ན། གནུབ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་བསམ་གཏན་མིག་སྒྲོན་ལས། བསམ་གཏན་གྱི་ལོན་དང་། ཡང་ལོན་གཉིས་དྲངས་པ་ལས། དང་པོ་བསམ་གཏན་གྱི་ལོན་ལས། སྒོ་དྲུག་ཟློག་སྟེ་སེམས་ལ་བལྟས་ན། མི་བདེན་པའི་འདུ་ཤེས་འབའ་ཞིག་གཡོ་ཞིང་། སྐྱེ་ཤིའི་ལས་བྱེད་པ་དང་། འདུ་ཤེས་གཡོས་ནས་ཡོད་པ་དང་། མེད་པ་དང་། གཙང་བ་དང་། མི་གཙང་བ་དང་། སྟོང་པ་དང་མི་སྟོང་པ་ལ་སོགས་པ་ཅི་ཡང་མི་བསམ་མོ། །ཞེས་དང་ཡང་། ཡང་ལོན་ལས།

དངོས་པོ་ཅིག་ཀྱང་མི་མཐོང་ན། དེས་ནི་ཆོས་དང་ལམ་མཐོང་ངོ་ཞེས་བྱའོ། །དངོས་པོ་ཅིག་ཀྱང་མི་ཤེས་ན། དེས་ནི་ཆོས་དང་ལམ་སྒོམ་ཤེས་པའོ། །ཞེས་སོགས་ཀྱི་གཞུང་ལ་བལྟས་ན་སྔ་རབས་པའི་མཁས་པ་རྣམས་དང་། འཕགས་ཡུལ་གྱི་གྲུབ་ཆེན་པ་རྣམས་ཀྱི་དགོངས་པའང་དེ་ལྟར་ཡིན་ནོ། །དེའང་ཚུལ་ཇི་ལྟར་ན་ས་སྐྱ་པའི་མཁས་པ་ཀུན་མཁྱེན་ཆེན་པོས། ལྟ་བའི་ཤན་འབྱེད་ཀྱི་བསྡུས་དོན་ལས། བླ་མེད་བྱང་ཆུབ་བསྒྲུབ་པའི་ལྟ་བ་ལ། །སྟོང་པར་ཞེན་ན་ཆད་པའི་མཐར་ལྷུང་བས། །སྟོང་དང་མི་སྟོང་བདེན་པ་ཡོད་མེད་སོགས། །གཉིས་འཛིན་སྤྲོས་པ་མཐའ་དག་བཀག་པར་གྱིས། །ཞེས་དང་ཡང་དེ་ཉིད་ལས། བློ་ཉིད་སྤྲོས་བྲལ་ངང་དུ་ཐིམ་པ་ལ། །ལྟ་བ་ཆོས་དབྱིངས་མཐོང་བའི་ཐ་སྙད་མཛད། །ཡང་དྲིས་ལན་པདྨོ་བཞད་པ་ལས། དཔྱད་ཚེ་མཐའ་བཞི་མི་རྙེད་ཀྱང་། །ཤེས་པ་གསལ་ཙམ་མ་འགག་པ། །བྱིང་རྒོད་ལ་སོགས་སྐྱོན་སྤང་ནས། །རང་དགར་བཞག་པ་ཤེས་པ་བྱ། །ཞེས་སོགས་ཀྱི་གཞུང་ལ་བལྟས་ན་མི་མཐུན་པའི་གནད་གང་ཡང་མེད་ལ་དེར་མ་ཚད་འཕགས་ཡུལ་གྱི་པཎ་ཊི་ཏ་དག་གིས་ཀྱང་མགྲིན་གཅིག་དབྱངས་གཅིག་ཏུ་ཇི་ལྟར་གསུངས་ཤེ་ན། འདི་ལ་གསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་དང་། མ་མཐོང་བ་ལ་དེ་མཐོང་སྟེ། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་སོགས་མང་དུ་ཡོད་ཀྱང་འདིར་བརྗོད་པ་མི་བྱའོ། །མདོར་ན་ཁོ་བོ་ལ་བཤད་པ་སྒྲོས་གཙང་དང་བྲིས་པ་ཚུལ་མཐུན་སོགས་གང་ཡང་མེད་མོད་འདིར་གཟུ་གནས་ཀྱི་བློ་ཡིས་དཔྱད་པ་རགས་ཙམ་བྱས་ནས་བྲིས་པ་ཡིན་པས། རྨོངས་པའི་ཞྭ་མ་གོན་ཞིང་། ཤེས་རབ་གྱི་སྟོབས་མངའ་བ་ལ། ཕྱོགས་ཞེན་གྱི་ཡུལ་དུ་མ་སོང་བ་དག་གི་རྣ་བའི་ཡུལ་དུ་འགྲོ་བ་ལ་ཅུང་ཙམ་རེ་ཆོག་པའི་གནས་སུ་སྣང་ངོ་། །

སྔ་རབས་ཧཱ་ཤང་ལྟ་བའི་ཁྱད་པར་ལ། །

བྱུང་དང་མ་བྱུང་སོགས་ཀྱི་རིམ་པ་ནི། །

མཁས་པས་བཤད་དང་བླུན་པོའི་གྲཊ་པ་སོཊ། །

གང་ཡིན་མི་ཤེས་བརྗོད་རྒྱུ་རི་ལས་ལྕི། །

ལོ་རྒྱུས་གང་དང་ལུང་རིགས་ཚད་ལྡན་ལ། །

བསྒྲིགས་ནས་བཤད་ན་འགྲིག་པར་ཡིན་མོད་ཀྱང་། །

དེ་ལྟར་བཤད་པའི་མཁས་པ་ཕྱོགས་རེ་ལས། །

མཁས་པའི་དབུས་ན་མཛེས་པའི་མཁས་པ་སུ། །

གྲགས་ཚོད་ཙམ་དང་སྔར་བརྗོད་ཟིན་པ་ལ། །

བརྟག་དཔྱད་མ་བྱས་རང་གར་རྒྱུགས་པ་ནི། །

རང་ཚུགས་འཛིན་པའི་རིགས་པ་མེད་ནས་ཡིན། །

རིགས་ལམ་སྨྲ་བ་ཀུན་གྱི་ཐ་ཤལ་ལོ། །

མདོར་ན་བརྗོད་པར་མི་མང་རྗོད་ཚིག་ཀྱང་། །

དེ་ལས་མི་མང་བསྡུས་ནས་བཤད་ན་ནི། །

ཧཱ་ཤང་ལྟ་བ་ཡང་དག་ཡིན་ཚུལ་ཏེ། །

ལྟ་སྤྱོད་ཟུང་དུ་འཇུག་པས་ཡིན་ཕྱིར་རོ། །

ཟུང་འཇུག་ཡིན་ན་སྤྲོས་བྲལ་ཡིན་དགོས་ཕྱིར། །

སྤྲོས་བྲལ་ཡིན་ན་བསླུ་མེད་ཆོས་ཡིན་ཕྱིར། །

བསླུ་མེད་གང་དེ་མདོ་རྒྱུད་བསྟན་བཅོས་ལས། །

བརྗོད་བྱའི་དོན་གྱི་སྙིང་པོ་ཡིན་པས་སོ། །

             ཞེས་པ་ནི་སྐབས་ཀྱི་བསྡུས་པའི་ཚིགས་སུ་བཅད་པའོ། །  འགུ་ཟི་བ     སེང་ཆེན་རྒྱལ་ནས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*