༧ས་སྐྱ་གོང་མ་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་གཏམ་བཞུགས་སོ།།

༡༽ སྐྱེས་རབས་ཀྱི་ངོས་ནས་བཀའ་དྲིན་དྲན་པ།

བདག་ཅག་གི་འདྲེན་མཆོག་དམ་པ་གང་ཉིད་ནི། སྔོན་བསྐལ་བ་དཔལ་གྱི་རྒྱན་ཞེས་བྱ་བའི་དུས་ན་དང་པོའི་སངས་རྒྱས་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་དྲུང་ནས་དམ་པའི་ཆོས་ཐོས་ཤིང་། དེ་རྗེས་བསྐལ་བ་མེ་ཏོག་བཀྲམ་པ་ཞེས་བྱ་བའི་ཚེ་ན་རྒྱལ་བ་ཟླ་བའི་འོད་ཟེར་གྱི་དྲུང་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་བྲམ་ཟེའི་རིགས་སུ་འཁྲུངས་པ་དང་། དེ་ནས་བསྐལ་བ་ལྷུན་གྲུབ་བཀོད་པ་རུ་སངས་རྒྱས་མཛེས་པའི་ཏོག་ཅེས་བྱ་བའི་སྤྱན་སྔར་རྒྱལ་རིགས་བློ་གྲོས་དང་ལྡན་པར་སྐྱེས་པ་དང་།སངས་རྒྱས་དྲི་མེད་གཙུག་ཏོར་རྒྱལ་པོ་ཞེས་བྱ་བའི་དྲུང་དུ་རྗེ་རིགས་སུ་སྐུ་འཁྲུངས་ཏེ་བསོད་ནམས་ཟད་མི་ཤེས་པ་བསགས་པ་དང་། སངས་རྒྱས་རྣམ་གཟིགས་ཀྱི་སྤྱན་སྔར་ཁྱིམ་བདག་དེ་ཝ་ན་ཞེས་བྱ་བ་དང་། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་ཁྱིམ་བདག་ཟླ་བ་བཟང་དང་། དེ་རྗེས་འཕགས་ཡུལ་གྲུབ་ཆེན་ནག་པོ་སྤྱོད་པ། ཨོ་རྒྱན་གྱི་ཡུལ་དུ་གྲུབ་ཆེན་ལྭ་བ་པ། གངས་ཅན་གྱི་ལྗོངས་སུ་ཆོས་བློན་བྷི་ཉྫ་དང་། སློབ་དཔོན་རིན་ཆེའི་སྤྱན་སྔར་མུ་ཏིག་བཙད་པོ། པདྨའི་གསུང་གི་བཀའ་བབ་ངན་ལམ་རྒྱལ་བ་མཆོག་དབྱངས། ཆོས་རྒྱལ་ཁྲི་རལ་བ་ཅན། རྒྱལ་བ་རྒོད་ཚང་པ་སོགས་སྣ་ཚོགས་སྤྲུལ་བའི་རོལ་གར་གྱིས་མཐའ་ཀླས་སྐྱེ་རྒུའི་དོན་འབའ་ཞིག་མཛད་པའི་ཚུལ་ནི་རེ་རེ་ནི་བརྗོད་པའི་ཡུལ་ལས་འདས་པ་དང་། སྐུ་ཚེ་འདིར་ཡང་གངས་ཅན་གྱི་འགྲོ་བ་གཙོ་བོར་གྱུར་པའི་འཛམ་གླིང་ཤར་ནུབ་ཀྱི་སྐལ་ལྡན་གདུལ་བྱ་མང་པོའི་བློ་དང་འཚམས་པའི་ཟབ་ཆོས་ཇི་སྙེད་ཅིག་བསྩལ་བའི་བཀའ་དྲིན་གཅིག་པུ་ཡང་བརྗོད་དཀའ་བ་ལགས་ན། གོང་བརྗོད་སྐྱེས་རབས་ཀྱི་ཕྲེང་བར་སེམས་ཅན་གྱི་དོན་མཛད་པའི་ཚུལ་ནི་སར་གནས་ཀྱི་སེམས་དཔའ་ཁོ་ནའི་སྤྱོད་ཡུལ་ཏུ་གྱུར་པ་ཡིན་པས། བཀའ་དྲིན་དྲན་འོས་པའི་གནས་སོ།།

༢༽ གདུང་རབས་ཀྱི་ངོས་ནས་བཀའ་དྲིན་དྲན་པ།

མཚན་མཆོག་གསུམ་ལྡན་རྗེ་བཙུན་ས་སྐྱ་པ་ནི། ཐོག་མར་ཨོ་རྒྱན་སངས་རྒྱས་གཉིས་པས་གནས་དང་གང་ཟག ཆོས་སྲུང་བཅས་ལུང་དུ་བསྟན་ཅིང་བྱིན་རླབས་མཛད་པ་དང་། བར་དུ་འཕགས་ཡུལ་པཎ་གྲུབ་བྱེ་བའི་གཙུག་ནོར་མཉམ་མེད་ཇོ་བོ་ཆེན་པོས་ས་དཀར་ལོག་ཏུ་རིགས་གསུམ་མགོན་པོའི་སྤྲུལ་བ་རྒྱུན་མི་ཆད་པའི་རྟེན་འབྲེལ་གྱི་གསང་བ་ངོ་མཚར་ཅན་གཟིགས་པ་དང་གཉིས། ཐ་མར་གྲུབ་བརྒྱའི་སྤྱི་མེས་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་བིར་ཝ་པས་ས་དཀར་པོ་རྒྱབ་ཡོལ་གྱི་ཚུལ་མཛད་ནས་ཡ་གི་མོན་གྲོག་ནས་མ་གི་འབའ་གྲོག་བར་དཀྱིལ་གྲོང་གཅིག་གིས་ཁྱབ་པར་མཛད་དེ་ས་འདི་ང་ལ་དབང་ཞེས་གསུངས་པའི་གནས་ཁྱད་པར་ཅན་དེ་རུ། ཕྱི་ལོ་ ༡༠༧༢ ལོར་གངས་ཅན་བོད་ཀྱི་རྡོ་རྗེ་གདན་ཕྱག་བཏབ། དེ་ལྟ་བུའི་གནས་མཆོག་ཁྱད་པར་ཅན་དེར་རང་ཅག་གི་འདྲེན་མཆོག་དམ་པ། བཀའ་དྲིན་མཚུངས་ཟླ་མ་མཆིས་པ། ངེས་པ་དོན་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་དང་། དཔལ་བརྩེ་བ་ཆེན་པོ་རྗེ་བཙུན་ཀུན་དགའ་སྙིང་པོ་དང་། སྔགས་འཆང་ཀུན་དགའ་རིན་ཆེན། སྤྲུལ་བའི་གཏེར་སྟོན་ཆེན་པོ་འཕྲིན་ལས་གླིང་པ་སོགས་དང་མི་འགལ་ནའང་། ཐུན་མོང་གདུལ་བྱའི་སྣང་ངོར་གོས་དཀར་ལྕང་ལོའི་གཟུགས་ཀྱིས་བདག་སོགས་འགྲོ་བ་དམུ་རྒོད་ཅན་དག་འདུལ་བའི་སླད། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་མཚན་དཔེའི་ཉི་གཞོན་གསར་དུ་བཞད་ཅིང་། ཆོས་དང་རིགས་ཀྱི་སྲས་སུ་གྱུར་པའི་མཁས་གྲུབ་ཀྱི་སྐྱེས་བུ་ཉི་ཟླ་ཟུང་ལྟ་བུ་འཇིག་རྟེན་དུ་འབྱོན་པར་མཛད་པ་ནི། མཚན་མཆོག་གསུམ་གྱི་གདུང་རབས་རིན་པོ་ཆེ་འདི་ཉིད་དང་། དེའི་བཀའ་སྲོལ་བཟང་པོ་སྐྱེ་རྒུའི་བསོད་ནམས་ཀྱི་མཆོད་སྡོང་དམ་པར་ཇི་སྲིད་བསྐལ་བའི་བར་བཞུགས་པའི་རྟེན་འབྲེལ་གྱི་གནད་ཆེན་པོར་ངེས་ཤིང་། ཞལ་བྱུང་དུ་ས་སྐྱའི་གདུང་རབས་ཧ་ཅང་ཉག་ཕྲ་བ་སླར་གསོ་མཛད་པའི་བཀའ་དྲིན་ནི་འཁོར་མཐའ་བྲལ་བ་ཡིན་ནོ།།

༣༽ གདན་རབས་ཀྱི་ངོས་ནས་བཀའ་དྲིན་དྲན་པ།

ལོ་ངོ་དགུ་བརྒྱར་ཉེ་བའི་རིང་རྗེ་བཙུན་ས་སྐྱ་པའི་གདན་རབས་མུ་ཏིག་གི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་བྱོན་ཅིང་། དེ་དག་གིས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་འབའ་ཞིག་ཐུགས་ལ་བརྣགས་པའི་མཛད་བཟང་ད་ལྟའི་ཆར་ཡང་ང་ཚོའི་དྲན་ཡུལ་ཏུ་གྱུར་ཡོད། དེ་བཞིན་དུ་བདག་ཅག་གི་དཔལ་ལྡན་བླ་མ་གང་ཉིད་ཀྱང་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་དཔལ་ལྡན་ས་སྐྱ་པའི་གདན་རབས་ཞེ་གཉིས་པའི་ལུགས་གཉིས་གསེར་གྱི་ཁྲི་འཕང་མཐོན་པོར་ཕེབས་ཏེ་ཁྱོན་མི་ལོ་ཧྲིལ་པོ་ང་བདུན་རིང་རྒྱལ་བསྟན་སྤྱི་དང་། ཡང་སྒོས་བརྩེ་ཆེན་ཀུན་དགའ་སྙིང་པོའི་རིང་ལུགས་དྲི་མ་མེད་པ་མདོ་སྔགས་རིག་གནས་བཅས་པའི་འཆད་སྲོལ་ཚང་ལ་མ་ནོར་བ་འདི་ཉིད་གངས་ཅན་པ་རྣམས་དང་། ཧི་མ་ལ་ཡའི་བོད་རིགས་འདུས་སྡོད་ཀྱི་ཡུལ་གྲུ་རྣམས་གཙོས་པའི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་བཅུ་ཕྲག་མང་པོར་ལན་མང་ཞབས་ཀྱིས་བཅགས་ཏེ་ཐུབ་པའི་བསྟན་པ་རིན་པོ་ཆེ་སྔར་མེད་གསར་སྤེལ་དང་། ཡོད་པ་རྒྱུན་འཛིན་ལ་དགོངས་ཏེ། དུས་དང་དུས་སུ་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་གསུང་ངག་རིན་པོ་ཆེ་ལམ་འབྲས་སོགས་ཟབ་ཆོས་མང་པོ་བསྩལ་བ་ནི། ཐུན་མོང་གདུལ་བྱའི་སྣང་ངོར་སྔོན་བྱོན་གདན་རབས་གོང་མ་སུས་ཀྱང་མ་ནུས་པའི་རླབས་ཆེན་གྱི་མཛད་བཟང་ཆོས་ཀྱི་འདྲེན་པ་ཆེན་པོ་གང་ཉིད་ཀྱིས་བསྐྱངས་པ་དང་། ཁྱད་པར་དུ་དཔལ་ལྡན་ས་སྐྱའི་གདན་རབས་གསར་པ་ཕེབས་ཚུལ་ཡང་སྔར་སྲོལ་ལ་དུས་བསྟུན་གྱི་འགྱུར་བཅོས་མཛད་པ་སོགས་ནི་རིགས་བརྒྱའི་ཁྱབ་བདག་ཆེན་པོ་གང་ཉིད་ལ་གདན་རབས་ཀྱི་ངོས་ནས་ཀྱང་བཀའ་དྲིན་རྗེས་དྲན་ཞུ་འོས་པ་ཡིན་ནོ།།

༤༽ ས་སྐྱ་པའི་ངོས་ནས་བཀའ་དྲིན་དྲན་པ།

དཔལ་ལྡན་ས་སྐྱ་ནི་འཁོན་དཀོན་མཆོག་རྒྱལ་པོས་ས་དཀར་ལོག་ཏུ་དགོན་པ་བཏབ་པ་ནས་དབུ་ཚུགས་ཤིང་། ད་ལྟའི་བར་མི་ལོ་ཧྲིལ་པོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་ཡིན། མི་ལོ་དེ་དག་རིང་རྗེ་བཙུན་གོང་མ་རྣམ་ལྔ་དང་། ས་སྐྱའི་རྒྱན་དྲུག ཀུན་དགའ་རྣམ་གཉིས་སོགས་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུ་མང་དུ་བྱོན་ཅིང་། དཔལ་ལྡན་ས་སྐྱ་པའི་ཆོས་སྲིད་ཉི་ཟླའི་གཟི་དཔལ་གངས་ཅན་འཛིན་མའི་ཁྱོན་ལས་བརྒལ་ཏེ་ཆེན་པོ་ཧོར་དང་། མ་ཧཱ་ཙི་ན། རྒྱ་གར་འཕགས་ཡུལ་བཅས་སུ་ཁྱབ་པ་བྱུང་ཡོད། དེ་ལྟ་ནའང་མི་རྣམས་ཀྱི་བསོད་ནམས་ཧ་ཅང་ཉག་ཕྲ་ཞིང་། དུས་ཀྱི་སྙིགས་མ་རྒོད་པའི་དབང་གིས་གངས་རིའི་ལྗོངས་སུ་བསྟན་པའི་དབུ་འཕང་ཆེས་དམའ་བའི་སྐབས་འདི་ལྟ་བུར་ཡང་བདག་ཅག་གི་དྲིན་ཅན་རྩ་བའི་བླ་མ་དམ་པ་གང་གི་སྔོན་གྱི་ཐུགས་བསྐྱེད་ཟབ་མོའི་མཐུས་འཕགས་ཡུལ་དུ་བརྩེ་ཆེན་བསྟན་པའི་རྒྱུན་བཟང་སླར་གསོ་མཛད་དེ། དཔལ་ལྡན་ས་སྐྱ་པའི་བྱིན་རླབས་ཀྱི་བཀའ་བབས། དོན་དམ་གྱི་ལྟ་བ། ཀུན་རྫོབ་ཀྱི་གྲུབ་མཐའ། གསུང་རབ་ཀྱི་འགྲེལ་ཚུལ། བཤད་སྒྲུབ་ཀྱི་ལག་ལེན་ཆ་ལག་དང་བཅས་པ་ཤར་ནུབ་ཀྱི་ཡུལ་གྲུ་རྣམས་སུ་སླར་གསོ་མཛད་པའི་བཀའ་དྲིན་གྱི་ཕུང་པོ་ནི། ཇི་སྐད་དུ། སྡེ་གཞུང་རིན་པོ་ཆེའི་ཞལ་ནས། བཟླས་བརྗོད་རྐྱང་པས་མགྲིན་པ་སྐྱ་བ་དང་།། ཞེས་གསུངས་པ་ལྟར། ས་སྐྱའི་རྗེས་སུ་འབྲང་བར་རློམས་པ་ཡིན་ཟེར་མཁན་ཚོས་ཇི་སྲིད་བསྐལ་བའི་མཐར་ཡང་གཞལ་བར་དཀའ་བའི་གནས་ཡིན་ནའང་། མགོན་པོ་གང་ཉིད་སྐུ་ན་ཕྲ་དུས་ནས་བཟུང་སྐུ་ངལ་བརྒྱ་ཕྲག་མང་པོ་ཁྱད་བསད་མཛད་དེ་བསྟན་པའི་གཞི་མ་ས་སྐྱ་ཆོས་སྒར་དང་། ས་སྐྱ་མཐོ་སློབ། མ་དགོན་བཤད་གྲྭ རྫོང་སར་བཤད་གྲྭ། གསང་ཆེན་རྒྱུད་གྲྭ། སྒྲུབ་གྲྭ་སོགས་ས་ངོར་ཚར་རྫོང་གི་བཤད་སྒྲུབ་ཀྱི་བསྟི་གནས་མང་པོ་རིམ་པར་ཚུགས་པ་དེ་དག་ཀྱང་། ཕྱི་ཚུལ་འདུལ་བ་དང་མཐུན་ཞིང་། ཉམས་བཞེས་གསང་སྔགས་ཀྱི་བཅུད་མ་ཡལ་བའི་སྒོ་ནས་དཔལ་ལྡན་ས་སྐྱ་པ་ཞེས་བླ་སློབ་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་འདྲིས་སུ་སོང་བ། ཆོས་དང་བརྒྱུད་པ་གཞན་གྱིས་སྤྱན་ལྟོས་སུ་འོས་པ་འབའ་ཞིག་མཛད་པའི་བཀའ་དྲིན་ཙམ་རེ་ནི་ཅི་ནས་ཀྱང་ཡང་ཡང་དྲན་དགོས་པའི་གནས་སུ་མཐོང་ངོ་།།

༥༽ བོད་མི་རིགས་ཀྱི་ངོས་ནས་བཀའ་དྲིན་དྲན་པ།

ས་སྐྱ་ནི། བོད་ཀྱི་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞིའི་ཡ་གྱལ་ཡིན་ཞིང་། བོད་ཀྱི་ཆོས་ལུགས་ལོ་རྒྱུས་སྟེང་བྱུང་རབས་ཀྱི་རྒྱབ་ལྗོངས་ཆེས་རིང་བའི་ཆོས་བརྒྱུད་ཅིག་ཡིན། ཆོས་བརྒྱུད་འདི་བོད་དུ་བྱུང་ནས་བོད་མི་རིགས་ལ་བརྗེད་དཀའ་བའི་ལེགས་སྐྱེས་ཀྱང་མང་དག་ཅིག་སྦྱིན་མྱོང་བ་ཡིན་ཏེ། ཆོས་རྗེ་ས་པཎ་གྱིས་སོག་དམག་གིས་འཇིགས་པ་དང་། མུ་སྟེགས་པའི་རྩོད་པའི་འཇིགས་པ་སོགས་ལས་བོད་ཀྱི་བསྟན་སྲིད་གཉིས་ཀ་བསྐྱབས་པ་དང་། འགྲོ་མགོན་འཕགས་པས་སོག་རྒྱལ་གྱི་བཀའ་ལ་དགག་པ་མཛད་དེ་བོད་དུ་ཆོས་བརྒྱུད་ཚང་མ་རང་སོར་གནས་བཅུགས་པའི་ངོ་མཚར་གྱི་རྣམ་ཐར་དེ་དག་ནི་དཔེ་མཚོན་ཙམ་ལགས་ཤིང་། དེ་བཞིན་དུ་དམ་པ་དེ་དག་གི་མན་ངག་ཟབ་མོ་བརྒྱུད་འཛིན་ཐད་སྐུ་ཚེ་ཧྲིལ་པོར་འབད་བརྩོན་གནང་དང་གནང་བཞིན་པའི་༸སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་ཀྱང་། བོད་གངས་ཅན་པ་དག་གིས་ནམ་ཡང་དད་གུས་ཀྱིས་བརྗེད་མི་ཐུབ་པའི་སྐྱེས་ཆེན་དམ་པ་དག་གི་མདུན་གྲལ་དུ་བཞུགས་ཏེ་༸སྤྱི་ནོར་༸གོང་ས་ཆེན་པོར་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཐད་དབུ་ཞབས་དཔུངས་འདེགས་ཀྱི་མཛད་པ་འགྲན་ཟླ་དང་བྲལ་བ་བསྐྱངས་ཐོག གངས་ཅན་བོད་ཀྱི་ཁྱད་ནོར་དུ་གྱུར་པའི་རྗེ་བཙུན་ས་སྐྱ་པའི་ཆོས་བརྒྱུད་ཆེན་པོ་འདིའི་ཐུན་མིན་ཁྱད་ཆོས་རྣམས་དུས་དང་མཐུན་པར་རྒྱུད་འཛིན་དང་། དར་སྤེལ་སླད་སྐུ་ངལ་བརྒྱ་ཕྲག་མང་པོ་ལྷུར་ལེན་གནང་བ་དང་། ཁྱད་པར་དུ་འབྱུང་འགྱུར་དཔལ་ལྡན་ས་སྐྱ་པའི་ཁྲི་རབས་ཕེབས་ཕྱོགས་ཐད་དུས་དང་མཐུན་པའི་ལམ་སྲོལ་གསར་བཏོད་མཛད་ཅིང་། སྔ་ཕྱིར་རྡ་སའི་ཐེག་ཆེན་ཆོས་འཁོར་གཙུག་ལག་ཁང་དང་། དབུས་འགྱུར་རྡོ་རྗེ་གདན་སོགས་སུ་བོད་ཀྱི་ལྷ་མི་ཡོངས་ཀྱིས་འཐུས་ཚབ་མཛད་དེ་༸འཕགས་མཆོག་མིག་མི་འཛུམ་པ་རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་སྐྱེ་འགྲོ་སྤྱི་དང་། ཡང་སྒོས་ཁ་བ་གངས་ཅན་པ་དག་གི་ཆེད་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་བཞུགས་སླད་དད་དམ་གཡོ་མེད་པའི་སྒོ་ནས་སྤྱན་ཟུང་སྤྱན་ཆབ་ཀྱིས་ཁེངས་བཞིན་བརྟན་བཞུགས་བསྟར་འབུལ་གནད་སྨིན་ཅན་ལན་མང་མཛད་པ་དང་། མགོན་པོ་གང་གི་ཞལ་སྔ་ནས་ཀྱང་། ང་ལ་ཡོན་ཏན་གང་ཡང་མེད་ཀྱང་། གར་སོང་སར་བོད་མི་དག་གིས་ང་ལ་གཞན་ང་མ་འདྲ་བར་དགའ་དད་བྱེད་པ་ནི། ངས་༧རྒྱལ་བ་ཆེན་པོ་ཆེའི་བཀའ་སློབ་དག་ཁ་ཞེ་མངོན་ལྐོག་མེད་པར་བརྩི་བཀུར་དང་། དང་ལེན་ཞུས་པས་རེད། ཅེས་ཐུགས་སྤོབས་ཆེན་པོས་ཞལ་དྲོན་མོ་ནས་གསུངས་པ་སོགས། བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀ་ཧ་ཅང་གཉན་ཕྲེང་གི་དུས་སྐབས་འདིར་ཚང་མས་ཉིན་རེ་བཞིན་ལག་ལེན་བྱ་དགོས་པའི་བཀའ་སློབ་ཟབ་མོ་ཡང་ཡང་ཕེབས་པ་དག་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ངེས་པར་བཀའ་དྲིན་རྗེས་དྲན་བྱེད་དགོས་པའི་ལོ་རྒྱུས་ཀྱི་གསུང་གནད་དམ་པའོ། །

༦༽ བོད་བརྒྱུད་ནང་བསྟན་གྱི་ངོས་ནས་བཀའ་དྲིན་དྲན་པ།

བདག་ཅག་གི་འདྲེན་མཆོག་དམ་པ་གང་གིས་ནི་སྔོན་གྱི་དུས་སུ་ཆོས་རྗེ་ཁུ་དབོན་སོགས་དང་། བར་དུ་མཁྱེན་ཀོང་མཆོག་གསུམ། ད་ལྟའི་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་སོགས་ཆོས་བརྒྱུད་རིས་མེད་ལ་གསན་བསམ་གནང་བའི་དམ་པ་རྣམས་ཀྱི་མཛད་བཟང་ལ་སྤྱན་ལྟོས་མཛད་དེ་རིས་མེད་མཁས་གྲུབ་ཀྱི་སྐྱེས་བུ་བཅུ་ཕྲག་གསུམ་ལ་ཉེ་བའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ཏེ་ཐོག་མར་བརྒྱུད་པ་སོ་སོའི་མན་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་གྱིས་ལེགས་པར་གསན་ཅིང་། བར་དུ་གང་ཞིག་གསན་པ་དེ་དག་ཀྱང་རྒྱུད་སྡེ་དང་མཐུན་པར་ཐུགས་དམ་བསྙེན་བསྒྲུབ་ཀྱིས་རྒྱུད་བསྐུལ་ཏེ་ཉམས་བཞེས་མཛད་པའི་སྔོན་གྱི་ཕྱག་སྲོལ་བཟང་པོའི་རྒྱུན་བཟང་འབྲལ་མེད་དུ་བསྐྱངས་ཤིང་། དེའི་འབྲས་བུར་གསུང་ངག་ལམ་འབྲས་ཚོགས་སློབ་གཉིས་དང་། རྡོ་རྗེའི་ཕྲེང་བ། རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་ཀུན་བཏུས། ཇོ་ནང་ཁྲིད་བརྒྱ། དབང་བརྒྱ་ནོར་བུའི་ཕྲེང་བ་སོགས་ཟབ་རྒྱས་ཀྱི་བཀའ་སྲོལ་མང་པོ་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་བསྟན་བདག་བུ་སློབ་མང་པོས་ཡང་ཡང་གསོལ་བ་བཏབ་པའི་ངོར་ཐུགས་བརྩེ་ཆེན་པོས་སྐུ་ཚེ་ཧྲིལ་པོར་འཕགས་བོད་ཀྱི་ཟབ་ཆོས་མཐའ་ཡས་པ་འཆད་སྤེལ་མཛད་པས། ད་ཆ་རིས་མེད་ཀྱི་དབང་ལུང་མན་ངག་གི་རྒྱུན་མང་པོ་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གནང་བས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆ་ལག་དང་བཅས་པ་འཇིག་རྟེན་གྱི་ཁམས་འདིར་ཡུན་གནས་ཀྱི་ཐུགས་བསྐྱེད་དང་མཛད་པ་བསྐྱངས་པའི་བཀའ་དྲིན་གྱི་ཕུང་པོ་ནི། བོད་བརྒྱུད་ནང་བསྟན་སྤྱིའི་ངོས་ནས་བཀའ་དྲིན་རྗེས་དྲན་བྱེད་དགོས་པའི་གནས་སུ་མཐོང་ངོ་།།

༧༽ མན་ངག་འཆད་སྤེལ་མཛད་པའི་བཀའ་དྲིན་དྲན་པ།

དཔལ་ལྡན་ས་སྐྱ་པ་ནི་རྒྱུད་དང་མན་ངག་གི་འབྱུང་ཁུངས་ལྟ་བུ་ཡིན་ཏེ། ཆོས་བརྒྱུད་འདིར་འབྲོག་མི་ལོ་ཤཱཀྱ་ཡེ་ཤེས་དང་། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། ལོ་ཆེན་རིན་བཟང་སོགས་རྒྱ་བོད་ན་སྙན་གྲགས་ཆེ་བའི་མཁས་གྲུབ་ལོ་ཆེན་བཞི་ལས་བརྒྱུད་པའི་མདོ་རྒྱུད་མན་ངག་བསམ་གྱིས་མི་ཁྱབ་པ་མངའ་བ་ལས། བོད་ཀྱི་གནས་བབས་ཧ་ཅང་ཛ་དྲག་ཏུ་གྱུར་པའི་དུས་སྐབས་དེར་རྗེ་བླ་མ་དམ་པ་གང་ཉིད་བསམ་བཞིན་དུ་སྲིད་པར་བྱོན་ཏེ་རིས་མེད་ཀྱི་ཡོངས་འཛིན་སྤྱི་དང་། ཡང་སྒོས་རྗེ་ཉིད་ཀྱི་རྩ་བའི་བླ་མ་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ངོར་ཁང་སར་མཁན་ཆེན་དམ་པ་རྡོ་རྗེ་འཆང་ངག་བློ་གྲོས་གཞན་སྙིང་པོ་མཆོག་དང་། ཡབ་རྗེ་རྡོ་རྗེ་འཆང་སྔགས་འཆང་ཀུན་དགའ་རིན་ཆེན། མཁན་ཆེན་འཇམ་དཔལ་བཟང་པོ། རྡོ་རྗེ་འཆང་ངག་བློ་རིན་པོ་ཆེ། བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་སོགས་ལས་འཇིག་རྟེན་ན་ཆེས་དཀོན་པའི་བཀའ་སྲོལ་ཟབ་མོ་དེ་དག་རིས་མེད་ཀྱི་སློབ་མ་སྤྱི་ལ་རིམ་ཅན་གྱིས་ནོད་པའི་བཀའ་དྲིན་ལས། དེང་སང་དཔལ་ལྡན་ས་སྐྱ་པ་ཙམ་མ་ཟད་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གའི་ནང་ཟབ་ཆོས་དེ་དག་གི་བརྒྱུད་པ་བཞུགས་མཁན་ཇེ་མང་དུ་འགྲོ་བཞིན་པ་ནི། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་འཁོར་མེད་རྗེ་བླ་མ་སྔགས་འཆང་སེམས་པ་ཆེན་པོ་གང་གིས་རྒྱུད་དང་མན་ངག་གི་འཆད་མཁའ་ཁྱབ་ཏུ་མཛད་པའི་བཀའ་དྲིན་ཉག་གཅིག་ལས་བྱུང་བ་ཡིན་པས། གང་གི་སློབ་འབངས་སུ་གཏོགས་པ་ཀུན་གྱིས་མཛད་བཟང་དེ་ཀོ་ཇི་སྲིད་འཁོར་བ་མ་སྟོང་བར་དྲན་དགོས་པའི་གནས་སོ།།

༨༽ རིས་མེད་ཀྱི་སློབ་ཚོགས་བསྐྱངས་པའི་བཀའ་དྲིན་དྲན་པ།

རྗེ་བླ་མ་གང་ཉིད་ནི། རྟག་ཏུ་ཐུགས་བརྩེ་བ་ཆེན་པོའི་གཞན་དབང་དུ་གྱུར་བའི་ཉེར་ལེན་གྱིས་ཟླ་འགར་འཆད་དགོས་པའི་ཟབ་ཆོས་རྒྱ་ཆེན་པོ་དག་ཀྱང་ངལ་བ་སྤངས་ཏེ་གསུང་གནང་མཛད་པ་ཡིན་ཏེ། ཨ་རི་དང་། ཨོ་སི་ཁྲོ་ལི་ཡ། ཡུ་རོབ་སོགས་འཛམ་གླིང་ཡུལ་གྲུ་གང་སར་གསུང་ངག་རིན་པོ་ཆེ་ཚོགས་སློབ་ཀྱི་འཆད་ཁྲིད་ཁོ་ན་ཚར་བཅུ་ཕྲག་གཉིས་ལྷག་བསྩལ་ཏེ་འཕགས་བོད་གཉིས་ཀར་བསྟན་པའི་རྩ་བ་བཤད་སྒྲུབ་ཀྱིས་བཙུགས་ཤིང་། སྐུ་ཚེ་ཧྲིལ་པོར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་མཛད་པ་འབའ་ཞིག་བསྐྱངས་པའི་འབྲས་བུར་གསུང་གི་བདུད་རྩིར་སྤྱོད་པའི་བུ་སློབ་ཀྱང་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་ཆེ་ཁག་མང་པོ་བྱུང་བ་ཡིན་ཏེ། རྒྱལ་བ་ཀརྨ་པ་སྐུ་གོང་འོག དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། གྲུབ་དབང་པདྨ་ནོར་བུ། འཁྲུལ་ཞིག་རིན་པོ་ཆེ། སི་ཏུ་རིན་པོ་ཆེ། ཞྭ་དམར་རིན་པོ་ཆེ། ཀོང་སྤྲུལ་སྐུ་ཕྲེང་གོང་འོག ཀུན་བདེ་གླིང་རིན་པོ་ཆེ། རྒྱལ་ཚབ་རིན་པོ་ཆེ། འབྲུག་ཁམས་སྤྲུལ་རིན་པོ་ཆེ། མཆོག་སྤྲུལ་ནམ་མཁའི་ནོར་བུ། བོ་དོང་སྤྲུལ་སྐུ། ཁལ་ཁ་རྗེ་བཙུན་དམ་པ། བྲག་གཡབ་སྐྱབས་མགོན་སོགས་རིས་མེད་ཀྱི་བླ་ཆེན་རྣམས་དང་། དཔལ་ལྡན་ས་སྐྱ་པའི་ཕྱོགས་ནས་རིས་མེད་བསྟན་པའི་སྒྲོན་མེ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ༧སྐྱབས་མགོན་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་གཙོས་པའི་ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་རྣམ་པ། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་། རྫོང་སར་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ། ངོར་ཀླུ་ལྡིང་མཁན་པོ་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན། ཐར་རྩེ་མཁན་རིན་པོ་ཆེ་ངག་དབང་མཆོག་ལྡན། གཞན་ཡང་ས་ངོར་གྱི་ཞབས་དྲུང་རྣམ་པ་སོགས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་སྒྲོན་མེར་གྱུར་པའི་བུ་སློབ་མང་དུ་བསྐྱངས་ཏེ་འཛམ་གླིང་འཛིན་མའི་ཁྱོན་ཀུན་ཏུ་རྒྱལ་བསྟན་རིན་པོ་ཆེ་དཀར་འབྱམས་སུ་མཛད་པའི་བཀའ་དྲིན་གྱི་ཆ་ཤས་ཙམ་ཡང་ཚིག་ཙམ་གྱིས་མཚོན་དཀའ་བ་ཡིན་ནོ།།

༩ ༽ སྐུ་ཚེ་སྐལ་བརྒྱར་བརྟན་པའི་གསོལ་བ་འདེབས་པ།

ཇི་སྐད་དུ། འཇམ་མགོན་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སྔ་ནས་ཀྱིས། འཇམ་དཔལ་གཞོན་ནུས་ཟླ་ཞུན་གསར་པ་ཡིས།། གོས་ཀྱིས་བཀླུབས་ཤིང་རལ་བས་མཛེས་པ་ཅན།།མཐོང་ན་དགའ་བའི་བསྟན་འཛིན་སྐྱེས་མཆོག་ཉིད།། སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག ། ཞེས་དང་། གོང་ས་༧སྐྱབས་མགོན་མཆོག་གི་ཞལ་སྔ་ནས་ཀྱིས། ངག་དབང་འཇམ་དཔལ་སྙིང་པོའི་བྱིན་རླབས་གཟིས།། ཀུན་དགའ་སྙིང་པོའི་བཞེད་སྲོལ་གདམས་པའི་མཆོག།།ཐེག་ཆེན་མདོ་སྔགས་སྤེལ་བའི་མཛད་འོད་ཀྱི།།དཔལ་འབར་སྐྱབས་མགོན་བླ་མ་ཞབས་བརྟན་གསོལ།། ཞེས་གསུངས་པ་ལྟར་མགོན་པོ་གང་ཉིད་ནི། སྐུ་ན་ཆུང་ངུའི་དུས་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རོལ་གར་བརྩེ་ཆེན་ཀུན་དགའ་སྙིང་པོ་ཡབ་སྲས་ཀྱི་ཟབ་གསང་གདམས་པ་རྒྱ་མཚོའི་ཉིང་ཁུ་མདོ་སྔགས་ཀྱི་ཟབ་ཁྱད་མ་ལུས་པའི་བདག་པོར་ཞབས་པད་རྡོ་རྗེའི་རང་ཁམས་སུ་བརྟན་ཅིང་བཞུགས་བཞིན་པའི་བཀའ་དྲིན་གྱི་ཕུང་པོ་ནི། སྟོང་གསུམ་གསེར་གྱིས་བཀང་སྟེ་མནྜལ་དུ་ཕུལ་ཀྱང་ཆ་ཙམ་གཞལ་བའི་སྐལ་བ་མ་མཆིས་ཤིང། སླད་ཀྱང་གུས་འབངས་བོད་གངས་ཅན་པ་ལྷ་མི་ཡོངས་གཙོ་བྱས་པའི་རབ་འབྱམས་ཞིང་གི་འགྲོ་བ་མཐའ་དག་གི་སྐྱབས་དང་མགོན་དང་དཔུང་གཉེན་དམ་པར་ཇི་སྲིད་བསྐལ་བ་མ་སྟོང་འཁོར་བ་མ་འཇིག་པར་དུ་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་། རླབས་ཆེན་ཆོས་སྲིད་ཀྱི་བྱ་གཞག་ཐམས་ཅད་དྲི་བྲལ་ཡར་ཟླའི་དཔལ་ལ་འགྲན་པའི་སླད། བཅོས་མིན་དད་གསུམ་སོར་བཅུའི་འདབ་མ་སྙིང་ཁར་སྦྱར་ཏེ་མོས་གུས་གདུང་ཤུགས་དྲག་པོས་སྙིང་ཁུངས་རུས་པའི་གཏིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་ན། གོང་ཞུས་རེ་སྨོན་རྣམས་དེ་དེ་བཞིན་དུ་འགྲུབ་པའི་སྐྱབས་འཇུག་བརྩེ་ཆེན་ཡེ་ཤེས་ཆེན་པོའི་དགོངས་ཀློང་ཡངས་པོ་ནས་དུས་སྐད་ཅིག་ཀྱང་འདོར་བ་མེད་པ་མཁྱེན། མཁྱེན། མཁྱེན།

ཞེས་པའང་མགོན་པོ་མཆོག་སྐུའི་དགུང་གྲངས་བརྒྱད་ཅུར་ཉེ་བའི་འཁྲུངས་སྟོན་ཉིན་སྔོན་རྡོར་གདན་དུ་བྲིས་པ་ལ་ཅུང་ཁ་སྣོན་དང་བཅས་ཨ་འདུས་སྐལ་བཟང་རྒྱ་མཚོས་ས་སྐྱ་རྩོམ་སྒྲིག་ཁང་དུ་ཤིན་ཏུ་དད་པའི་བློས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*