དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་མཆོག་སོག་ཡུལ་དུ་ཕེབས་པ།

༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཛྙཱ་ན་བཛྲ་རིན་པོ་ཆེ་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༨ ཉིན་སོག་ཡུལ་དུ་མཛད་འཕྲིན་ཁག་ཅིག་བསྐྱངས་བཞིན་ཡོད་འདུག ། ཕྱི་ཚེས་ ༠༨ཉ ཉིན་རྒྱལ་ས་ཨུ་ལན་བྷ་ཊར་ལ་ཞབས་སོར་བདེ་བར་འཁོད་གནང་ནས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་འཕགས་པ་དགེ་རྩ་ཚོགས་པའི་ས་ཆར་ཆོས་བསྲུང་གུར་གྱི་མགོན་པོའི་མགོན་ཁང་གཙུག་ལག་ཁང་གསར་བཞེངས་གནང་སར་ཡི་དམ་རྡོ་རྗེ་གཞོན་ནུའི་ཞི་བའི་སྦྱིན་སྲེག་དང་། ས་བླང་ས་ཆོག་སོགས་གསུངས་གནང་བ་དང་།

ཕྱི་ཚེས་ ༡༠ ཉིན་རྒྱལ་ས་ཨུ་ལན་བྷ་ཊར་ལ་ཡོད་པའི་ས་པཎ་ཆོ་འཁོར་དགོན་དུ་དད་ལྡན་རྣམས་ལ་དམར་པོ་སྐོར་གསུམ་གྱི་རྗེས་གནང་བཀྲིན་བསྩལ་གནང་བ།

ཕྱི་ཚེས་ ༡༡ ཉིན་ས་པཎ་ཆོ་འཁོར་དགོན་དུ་དད་ལྡན་རྣམས་ལ་དྲག་པོ་གསུམ་བསྒྲིལ་གྱི་རྗེས་གནང་བསྩལ་གནང་བ་དང་།

ཕྱི་ཚེས་ ༡༢ ཉིན་སོག་པོའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོར་ནང་ཆོས་དང་ཚན་རིག་གི་འབྲེལ་བའི་སྐོར་མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་གནང་མཛད་པ།

ཕྱི་ཚེས་ ༡༣ ཉིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཊར་ལ་ཡོད་པའི་ས་པཎ་ཆོ་འཁོར་དགོན་དུ་དམར་པོ་སྐོར་གསུམ་གྱི་ཚོགས་མཆོད་འཚོགས་གནང་བ།

ཕྱི་ཚེས་ ༡༤ ཉིན་པཎ་ཆེན་འོས་སྤྲུལ་རིན་པོ་ཆེའི་ཆོས་ཚོགས་སུ་ནང་ཆོས་ངོ་སྤྲོད་གྱི་གསུང་ཆོས་དང་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་བསྩལ་བ་མ་ཚད་ཆོས་ཚོགས་དེ་གའི་སྤྱི་ཚོགས་ཞབས་ཞུའི་ལས་གཞི་ཁག་ལ་ཐུགས་སྣང་དང་ཐུགས་མོས་ཆེན་པོས་གཟིགས་ཞིབ་གནང་བ།

ཕྱི་ཚེས་ ༡༧ ནས་ཉིན་གསུམ་རིང་ཧོར་༧གོང་མའི་གནའ་བོའི་རྒྱལ་ས་ཧར་ཧོ་རིན་ལ་བསྟན་སྲིད་སྤྱི་དང་། སྒོས་སུ་སོག་པོའི་རྒྱལ་ཁམས་བདེ་བའི་དོན་དུ་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཛྙཱ་ན་བཛྲ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཡི་དམ་རྡོ་རྗེ་གཞོན་ནུའི་གཏོར་བཟློག་འཚོག་གནང་བཞིན་པ་སོགས་ཀྱི་མཛད་རིམ་བསྐྱངས་གནང་མཛད་བཞིན་ཡོད་འདུག །
གོང་གསལ་མཛད་རིམ་ཁག་དང་འབྲེལ་བའི་སྐུ་པར། ༧གོང་མ་ཁྲི་འཛིན་མཆོག་གི་ངོ་དེབ་ལས་བཤུས།
རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།