རྒྱུ་དྲུག་གསེར་གྱི་ས་གཞི།

                                                                                                                                                       བཀྲ་ཤིས་ནོར་བུ།

མཆོད་རྫས་ཨུ་དམ་བཱ་ར།

བཅུ་གཉིས་བདག་པོའི་མདངས་ལ་འགྲན་ཞིང་བྱམས་བརྩེའི་གཟི་བྱིན་འགྲོ་བར་ཕོག་པའི་ཤཱཀྱའི་རིགས་ཀྱི་སྲས་པོ་དང་། །
མཁས་གྲུབ་བྱེ་བའི་གཙུག་གི་རྒྱན་དུ་ཐབས་ཤེས་ཟུང་གི་མེ་ཏོག་བཀྲ་བའི་སངས་རྒྱས་གཉིས་པའི་ཞབས་ཕྱག་ལ། །
ལྷ་ཡི་རྫིང་རིང་ཕྱོགས་ཀུན་གོང་བའི་དྲི་ཞིམ་སྤོས་དང་མར་མེའི་མཆོད་པ་སྣ་ཚོགས་ཕུལ་ཏེ་ཕྱག་ཀྱང་འཚལ། །
དེ་ཡི་སྟོབས་ཀྱིས་བདག་བློའི་བུ་ག་སྣང་བར་བྱས་པས་གསེར་གྱི་རྒྱུ་དྲུག་མགུལ་དུ་རྒྱན་ཞིང་མགུལ་དུ་བཏགས། །

འདི་སྐད་དུ་བརྗོད་པའི་བྱེ་བྲག་བཤད་མཛོད་ཆེན་མོའི་ཞབས་ཕྱག་ཉི་ཟླའི་དཀྱིལ་འཁོར་རམ་རྒྱུ་དྲུག་གསེར་གྱི་ས་གཞི་ཞེས་བཏགས་དགོས་པའི་བསམ་པ་ནི། ཐོལ་བྱུང་བློ་རྡེག་གི་སེམས་པ་ཞིག་ཏུ་སོང་ན་ཡང་། ནན་གྱིས་བསམ་ན་ཕྱི་ནང་གི་ཆོས་ལུགས་དང་གྲུབ་མཐའ་ཡོད་ཚད་ཀྱིས་འདི་ལྟར་བའི་རྟེན་འབྱུང་ཕྲ་རགས་ཀྱི་རྣམ་བཞག་ལ་ལྟོས་ཏེ། ཕྱི་ནང་གི་འགལ་འདུ་དང་སོ་སོའི་བར་ཁྱད་ཀྱི་འདུ་ཤེས་པའི་སྒོ་ཆེན་ཕྱེས་པ་མ་ཡིན་ནམ། དེ་ཡང་ལོས་ཡིན་ཏེ། ཕྱི་བའི་ལྟ་གྲུབ་སྨྲ་བ་བྱེ་བྲག་པ་ལ་སོགས་པས་དབང་ཕྱུག་རྟག་པ་གཅིག་པུ་ལས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་བྱུང་བར་འདོད་ལ། གཞན་ཡང་སྤྱོད་པ་པ་དང་གྲངས་ཅན་པ་ལ་སོགས་པ་ཁ་ཅིག་གིས་བདག་རྟག་པ་གཅིག་པུ་དང་། ཡང་ན་གཙོ་བོ་རྟག་པ་དང་རྡུལ་ཕྲན་རྟག་པ། སྐྱེས་བུ་དང་དུས་ལ་སོགས་པའི་རྟག་པ་ཁོ་ན་ལས་སྐྱེ་འགྲོ་ཐམས་ཅད་འབྱུང་བར་འདོད་པས་རྒྱུ་རྟག་པའི་ཆོས་ཞིག་ལས་འབྲས་བུ་མི་རྟག་པའི་ཆོས་ཤིག་འབྱུང་བར་རྒྱུ་འབྲས་འཆོར་ཉོག་ཏུ་སོང་བའི་ཕྱིན་ཅི་ལོག་པའི་གཞི་ཡི་གནས་ཚུལ་ལ་རྟོག་བཏགས་ཀྱི་རྟེན་འབྱུང་སྣ་ཚོགས་བསྒྲུབ་སྟེ་ལོག་བཤད་ཀྱི་སྤྲོས་པ་གཡམ། དེ་ལས་ནང་པའི་གྲུབ་མཐའ་སྨྲ་བའི་སྐྱེ་བོ་རྣམས་ཀྱིས་གཞི་ཡི་གནས་ཚུལ་གྱི་རྒྱུ་འབྲས་དེ་ཉིད་ཆོས་ཉིད་དང་མཐུན་པའི་སྟེང་ནས་འགྲོ་དགོས་པར་སེམས་ཏེ། རྒྱུ་ལ་འགྱུར་བ་བྱུང་སྟོབས་ཀྱིས་འབྲས་བུར་ཡང་དེ་ལྟར་འབྱུང་བ་བཞིན། འབྲས་བུ་ཡང་མི་བརྟན་པའི་ངོ་བོར་གནས་ཕྱིར་རྒྱུ་ལ་ཡང་དེ་ལྟར་འདོད་དེ། མདོ་ལས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་བཤེགས་པས་གསུངས། །ཞེས་སོགས་གསུངས་པ་ལྟར་བུའོ། །དེ་ལ་ཡང་ནང་པའི་གྲུབ་མཐའ་སྨྲ་བ་བཞི་ཡིས་གཞི་ཡི་ལྟ་བ་གཏན་ལ་ཕབ་པའི་རྒྱུ་འབྲས་ཕྱི་ནང་གི་ཁྱད་པར་བཞིན་རྩ་བའི་ཆ་ནས་མི་མཐུན་པ་ཆེར་མེད་མོད། བྱེ་བྲག་སྨྲ་བའི་རྒྱུ་འབྲས་ཀྱི་ཆོས་ཉིད་དང་། མདོ་སྡེ་པའི་དོན་དམ་གྱི་རྒྱུ་འབྲས། དེ་བཞིན་སེམས་ཙམ་དང་དབུ་མའི་ལུགས་ཀྱི་རྒྱུ་འབྲས་ཀྱི་རྣམ་བཞག་ངོས་འཛིན་ཅུང་ཟད་མི་འདྲ་བའི་སྒོ་ནས་གཞི་ཡི་གནས་ཚུལ་དེ་གཏན་ལ་ཕབ་པར་སྣང་ངོ་། །དེ་ལྟར་བུའི་གཞི་ཡི་ལྟ་ཚུལ་གྱི་རིམ་པ་མི་འདྲ་བས་གནད་ཀྱིས་སོ་སོའི་གྲུབ་མཐའ་དང་རང་རང་གི་ཁྱད་པར་འབྱེད་དགོས་པ་དང་། གཞི་ཡི་གནས་ཚུལ་གྱི་ལྟ་གྲུབ་འདི་ནི་ཡོད་ཚད་ཀྱི་རྩ་བའམ་ཡོད་ཚད་ཀྱི་ས་གཞི་ལྟ་བུར་གྲུབ་སྟབས། བདག་གིས་ཀྱང་དཔྱད་རྩོམ་གྱི་ཁ་བྱང་ལ་འདི་སྐད་དུ་བཏགས་པར་དོན་དང་ལྡན་པའི་མིང་བྱང་ཞིག་ཀྱང་རློམ་ཡོད། ཡིན་ན་ཡང་། མིང་ཙམ་གྱིས་བློ་ཡིད་ཚིམས་ཏེ་འདུག་པ་ནི་གླེན་པའི་རྟགས་མཚན་ཡིན་པས། རིམ་བཞིན་བརྗོད་བྱའི་དོན་ལ་མཇུག་པར་བྱ་སྟེ། གོང་བཞིན་རྩ་བའི་ཆ་ནས་ཕྱི་ནང་གི་རྒྱུ་འབྲས་ཀྱི་ཁྱད་པར་གཉིས་ལས་ནང་པའི་རྒྱུ་འབྲས་ཀྱི་རྣམ་བཞག་ལ་ཡང་བཞི་ལས་དང་པོ་ནི་བདག་གིས་བརྗོད་པར་བྱ་བའི་གཞིའོ། །དེ་ལ་ཡང་རྒྱུ་རྐྱེན་འབྲས་བུ་གསུམ་ལས་རྒྱུ་བཤད་པའི་ཤུགས་སུ་འབྲས་བུ་གོ་སླ་བའི་དབང་དུ་བྱས་པ་དང་རྐྱེན་ཡང་རྒྱུའི་ངོ་བོ་དང་དོན་མཚུངས་བའི་ཕྱིར་དངོས་སུ་མི་སྤྲོའོ།།
བྱེད་རྒྱུ་ཀུན་ཁྱབ་རང་གྲོལ།
དེས་ན་རྒྱུ་བཤད་པ་ལ་ཡང་སྡེ་ཚན་དྲུག་གིས་བསྟན་པར་བྱ་བའི་དང་པོ་བྱེད་རྒྱུ་ནི། རྩ་བར། བྱེད་རྒྱུ་ལྷན་གཅིག་འབྱུང་བ་དང་། །ཞེས་པས་བསྟན་ཕྱིར་དེ་ལ་དང་པོ་མཚན་ཉིད་ལ་བོད་ཀྱི་མཁས་པ་འགའ་ཞིག་གིས་བྱེད་རྒྱུའི་མཚན་ཉིད་དུ་རང་ལས་གཞན་པའི་ཆོས་ཤིག་སྐྱེ་བ་ལ་གེགས་མི་བྱེད་པའི་ཆ་ནས་བཞག་པ། ཞེས་དང་། ཆོས་གཅིག་སྐྱེ་བའི་ཚེ་རང་ཉིད་ལས་གཞན་པའི་འདུས་བྱས་མ་བྱས་ཀྱི་ཆོས། ཞེས་དང་། ཆོས་གཅིག་སྐྱེ་བའི་ཚེ་ན་རང་ལས་གཞན་པའི་ཆོས་ཐམས་ཅད་དོ། །ཞེས་སོགས་བྱེད་རྒྱའི་མཚན་ཉིད་དུ་འཇོག་པར་སྣང་ཡང་དག་པར་མ་སྣང་སྟེ། འདི་དག་གིས་དགོངས་ཚོད་ལ་འདུས་བྱས་ཀྱང་རུང་ལ་མ་བྱས་ཀྱང་རུང་སྟེ། རང་སྐྱེ་བ་ལ་རང་ལས་གཞན་པའི་་ཆོས་ཐམས་ཅད་རྒྱུ་རུ་བཤད་དགོས་པའི་མཐའ་རུ་བསླེབས་འདུག་པས། དེ་ནི་ཕྱི་རོལ་པའི་བཤད་ཚུལ་ཞིག་ལས་ནང་པའི་ལྟ་གྲུབ་ཀྱི་གཞི་རྩ་མ་ཡིན་ལ། གཞུང་ལུགས་ཆེན་པོ་དག་གི་དགོངས་པ་ལས་ཀྱང་ཕྱི་རོལ་ཏུ་ཆས་པ་སྟེ། རང་ལས་གཞན་པ་ཞེས་སྨྲ་དགོས་པ་ནི། རང་ལ་རང་གི་བྱེད་པ་འགལ་བས་རྒྱུ་མཚན་གྱིས་ཡིན་ཕྱིར། གེགས་མི་བྱེད་པའི་ངོ་བོ་གནས་ཙམ་གྱིས་མི་ཆོག་པར་གེགས་མི་བྱེད་པའི་བྱེད་པ་འཇུག་དགོས་པ་ལ་གོ་དགོས་ཏེ། དེ་ལྟར་ན་རང་ཡང་རང་སྐྱེ་བ་ལ་བྱེད་རྒྱུར་མི་འགྲོ་བའི་དོན་མེད་པ་དེའི་ཕྱིར་རང་ཉིད་རང་གི་བྱེད་རྒྱུ་མིན་ཏེ། རང་ལ་རང་གི་བྱེད་པ་འགལ་བའི་ཕྱིར་རོ། །ཚུལ་འདི་ལ་བསམ་ན་མཆིམས་མཆན་ལས་གེགས་བྱེད་ནུས་ཀྱང་གེགས་མ་བྱས་པས་རྒྱུ་ཡིན་ཏེ་རྗེ་བོས་བདེ་བར་བྱས་སོ། །ཞེས་པའི་དཔེ་ལ་ཡང་ངེས་ཤེས་བརྙེད་ཡོང་། དེས་ན་རང་ཉིད་སྐྱེ་བ་ལ་གེགས་བྱེད་ནུས་པའི་ནུས་ལྡན་གང་ཞིག གེགས་མི་བྱེད་པའི་བྱེད་པ་འཇུག་པའི་རྫས་དེ་བྱེད་རྒྱུའི་མཚན་ཉིད། དེ་ལ་ནུས་བཅས་དང་ནུས་མེད་གཉིས་ལས་གེགས་བྱེད་ནུས་ཀྱང་གེགས་མི་བྱེད་པའི་ངོ་བོར་གནས་པ་ཙམ་ནི་ནུས་མེད་དང་། དེ་ཙམ་མིན་པར་ས་བོན་དང་མྱུ་གུ་བཞིན་དུ་ཆོས་དེ་སྐྱེ་བ་ལ་ཕན་འདོགས་བྱེད་ནི་ནུས་བཅས་སོ། །དེ་ཙམ་ཞིག་གིས་བྱེད་རྒྱུའི་སྐབས་སུ་བཟང་ཐག་གམ་ཡང་ན་ངན་ཐག་བཅད་དེ་བཞག་པ་ལས་ལུང་ཚིག་སོགས་འགའ་ཞིག་སྤུངས་ཏེ་སྒྲིག་པ་ནི། རང་རང་གི་དཔྱད་རྩོམ་བོར་སྟེ་ལུང་ཐོ་ཞིག་ཏུ་འགྱུར་བ་ལ་དོགས་པ་དང་། ལ་བཤད་ལུང་བཤད་མང་དག་ཅིག་གིས་ཀློག་པ་པོ་ལ་ཡང་སུན་སྣང་འབྱུང་བའི་ཉེན་ཁ་དང་། འདི་ཡང་ལོ་མཇུག་གི་དཔྱད་རྩོམ་ཞིག་ལ་རེ་ཡོད་ཕྱིར་སློབ་གླིང་གི་སྒྲིག་གཞི་ལྟར་ཡིག་གྲངས་ཚད་འཛིན་ནམ། ཡང་ན་ཤོག་གྲངས་ལ་ཚད་བཀག་ཡོད་ཕྱིར་རྒྱུ་དྲུག་སོ་སོའི་སྐབས་སུ་གལ་གནད་ཆེ་བ་རེ་གཉིས་ཙམ་ལས་རེ་ཞིག་འབྲི་ཐབས་མེད་ཚོད་དུ་དེ་ཙམ་ཞིག་གིས་བྱེད་རྒྱུ་ཡང་བཤད་ཟིན་པའི་ཁུལ་ཡིན།
ལྷན་ཅིག་བྱེ་སྨྲ་རང་ཤེས།
ལྷ་ཅིག་འབྱུང་བའི་རྒྱུ་བཤད་པའི་སྐབས་འདིར་ཐོག་མ་བྱེ་བྲག་སྨྲ་བའི་ལུགས་ཀྱི་རྒྱུ་འབྲས་དུས་མཉམ་དུ་འདོད་པ་ལ་བསམ་གཞིགས་ཤིག་བྱ་སྟེ། ལུགས་འདི་ལ་གྲུབ་མཐའ་གོང་མ་དག་གིས་མཐོང་ཆུང་དང་ཟུར་ཟ་དམའ་འབེབས་སོགས་ཚད་མེད་པས་དེ་ཡང་ལོས་ཡིན་ཏེ་རྟོག་བཟོའི་སྒྱུ་འཕྲུལ་མང་བའི་ཕྱིར། ཡིན་ན་ཡང་སྐབས་འདིའང་ཚིག་ཚོགས་དེ་དག་གི་བར་དུ་བཙིར་ཏེ་ལྷག་སོང་བ་ལས་ཡང་དག་པའི་རིགས་ལམ་ཞིག་གིས་བདར་ནས་ཟད་སོང་བ་ཞིག་མིན་པར་འདྲ། དེ་ཡང་གང་ཞེ་ན། རྒྱུ་འབྲས་དུས་མཉམ་དུ་འདོད་པ་ལ་གནོད་བྱེད་མེད་ཅིང་། མངོན་སུམ་དང་མཐུན་པའི་ཕྱིར་ཏེ། དེ་ལ་འདིར་རྒྱུ་འབྲས་དུས་མཉམ་དུ་མེད་དེ་དུས་མཉམ་པའི་ཆོས་ལ་བསྐྱེད་བྱ་སྐྱེད་བྱེད་མི་འཐད་པའི་ཕྱིར་ཞེས་གསུངས་ན་མ་གྲུབ་སྟེ། གང་ཟག་ཕན་ཚུན་རྒྱབ་སྤྲད་དེ་གནས་པ་ལ་གཡས་གཡོན་དུ་མ་ལོག་པ་གནས་པའི་སྐྱེ་བ་དེ། རང་དང་དུས་མཉམ་པའི་གང་ཟག་གཅིག་ཤོས་ཀྱིས་སྐབས་དེར་ཕན་ཐོག་པའི་དུས་མཉམ་གྱི་འབྲས་བུ་ཡིན་གྱི་གཅིག་ཤོས་གྲུབ་པའི་རྗེས་སུ་གཅིག་ཤོས་སྐྱེ་བ་ནི་མ་ཡིན་པ་སོགས་དཔེ་དོན་མང་བས་དོན་ལ་དུས་མཉམ་པའི་བསྐྱེད་བྱ་སྐྱེད་བྱེད་གྲུབ་པར་འཐད་དོ་སྙམ། འདི་ལ་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ནི་རྒྱུ་འབྲས་བཏགས་པ་བ་ཡིན་ཕྱིར། དངོས་མ་ཡིན་པ་བཤད་ཀྱང་དེ་ནི་བྱེ་བྲག་སྨྲ་བའི་གྲུབ་མཐའ་མ་ཡིན་ནོ། །དེ་ལྟར་ན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ནི་གང་། དེས་ཇི་ལྟར་ཕན་ཚུན་བསྐྱེད་པར་བྱེད་ཅེ་ན། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ན་རེ། ལྷན་ཅིག་འབྱུང་བའི་ཕན་གདགས་བྱ་དང་འདོགས་བྱེད་དུ་དམིགས་པ་ལྷན་ཅིག་འབྱུང་བའི་རྒྱུའི་མཚན་ཉིད་ཅེས་གསུངས་ཀྱང་འཐད་ལྡན་དུ་མ་སྣང་སྟེ། ཉེར་ལེན་ནས་ལྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་པོ་ཆོས་ཅན། ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན་དེ་ཆོས་ཅན། དེར་ཐལ། ལྷན་ཅིག་ཏུ་འབྱུང་བ་གང་ཞིག ཕན་གདགས་བྱ་འདོགས་བྱེད་དུ་དམིགས་པ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེར་ཐལ། རྒྱུ་ཉེར་ལེན་གཅིག་ལས་དུས་མཉམ་དུ་སྐྱེས་པའི་འབྲས་བུ་ཡིན་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ། དེར་ཐལ། ཕན་གདགས་བྱ་ཡིན་པ་གང་ཞིག འདོགས་བྱེད་ཀྱང་ཡིན་པའི་ཕྱིར། དང་པོ་དེར་ཐལ། གཉིས་པོ་རྒྱུ་ལས་སྐྱེས་པའི་དངོས་པོ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། གཉིས་ཀའི་སྐད་ཅིག་ཕྱི་མའི་སྐྱེད་བྱེད་ཡིན་པའི་ཕྱིར། དེས་ན་རང་ལུགས་ལ་དངོས་བཏགས་ཕྱེ་ནས་བཤད་པར་བྱ་སྟེ། ལྷན་ཅིག་འབྱུང་བའི་རྒྱུ་ནི། འབྲས་བུ་རང་དང་ལྷན་ཅིག་ཏུ་འབྱུང་བའི་སྐྱེ་བྱེད་གང་ཞིག ཕན་ཚུན་གཉིས་ཀའམ་གང་རུང་གི་སྐྱེད་བྱེད་དང་། རྒྱུ་རང་དང་ལྷན་ཅིག་ཏུ་འབྱུང་བའི་བསྐྱེད་བྱ་གང་ཞིག ཕན་ཚུན་གཉིས་ཀའམ་གང་རུང་གི་འབྲས་བུར་གྱུར་པ་ལྷན་ཅིག་འབྱུང་བའི་འབྲས་བུ་ཉིད་དོ། །ཁ་སྐང་དང་བཅས་པའི་མཚན་ཉིད་དམ། ཡང་ན་དངོས་བཏགས་མ་ཕྱེས་པའི་མཚན་ཉིད་ནི་འདི་ལྟར་ཡིན་གྱི་འདི་ཡིན་ན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མཚན་ཉིད་པ་ཡིན་པས་ནི་མ་ཁྱབ་བོ། །ལྷན་ཅིག་འབྱུང་བའི་རྒྱུ་འབྲས་དངོས་ཀྱི་མཚན་ཉིད་ནི། རྒྱལ་དབང་དགེ་འདུན་གྲུབ་ཀྱི་ཐར་ལམ་གསལ་བྱེད་ལས། གང་ཕན་ཚུན་འབྲས་བུར་གྱུར་པའི་སྒོ་ནས་ཕན་འདོགས་བྱེད་དོ། །ཞེས་དང་ཀུན་མཁྱེན་ཆེན་པོ་གོ་བོ་རབ་འབྱམས་པའི་ངོ་མཚར་གསུམ་ལྡན་ལས། རང་དང་དུས་མཉམ་པའི་འབྲས་བུ་དེ་དང་ཕན་ཚུན་རྒྱུ་འབྲས་སུ་འགྱུར་བའོ། །ཞེས་གསུངས་པ་ལྟར་ལྷན་ཅིག་འབྱུང་བའི་རྒྱུ་དངོས་ཀྱི་མཚན་ཉིད་དང་། མཚན་གཞི་ནི་བུམ་པ་དང་དེའི་རྩ་བའི་སྐྱེ་བ་ལྟར་བུ་དང་། བཏགས་པ་བ་ནི་དེའི་རྗེས་མཐུན་གྱི་སྐྱེ་བ་སོགས་བཞི་པོ་ལྟར་བུའོ། །འདི་ལྟར་དངོས་བཏགས་ཕྱེས་ཏེ་བསྟན་དགོས་པ་ནི། རིགས་ལམ་དྲི་མ་མེད་པའི་ལམ་འགག་ནས་ཐར་ཆེད་དང་། ཡོད་ཚད་གྲུབ་མཐའི་ཉེས་པ་རུ་བརྩི་མི་དགོས་པའི་ཆེད་དུ་ཡིན་ཏེ། བྱེད་བཤད་ལས། ལྷན་ཅིག་འབྱུང་བ་རྣམས་ཕན་ཚུན་ལྟོས་ནས་ལྷན་ཅིག་འབྱུང་བའི་རྒྱུ་བྱེད་ལ་ཞེས་དང་། མཛོད་རྩ་བ་ལས་ཀྱང་། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་དང་དེའི་ཐད་ཀྱི་རང་འགྲེལ་ལས། ཆོས་གང་དང་ཕན་ཚུན་གྱི་འབྲས་བུ་ཡིན་པ་དེ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ། །ཞེས་རྩ་བའི་དངོས་བསྟན་དང་བསྟན་བཅོས་དག་ལས་ཕན་ཚུན་རྒྱུ་འབྲས་སུ་གསུངས་པ་དང་། ཡང་རང་འགྲེལ་ལས་ཕན་ཚུན་འབྲས་བུ་ཉིད་མེད་བཞིན་དུ་ཆོས་ནི་མཐུན་པའི་མཚན་ཉིད་རྣམས་ཀྱང་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ་དེ་དག་ནི་དེའི་མ་ཡིན་པས། ཞེས་སོགས་མཐུན་པའི་མཚན་ཉིད་རྣམས་ཀྱང་ལྷན་ཅིག་འབྱུང་བའི་རྒྱུ་རུ་བཤད་འདུག་པས་དེས་ན་འདི་ལྟར་སྨྲ་བ་ནི། གྲུབ་མཐའ་ལ་ཁ་གཡར་མི་དགོས་ཤིང་། ཁག་འགེལ་མི་དགོས་པའི་བྱེ་སྨྲའི་འདོད་ཚུལ་དང་ཡང་མཐུན་པའི་བཤད་ཐབས་ཡིན་པས་བློ་ཆུང་དག་གིས་དགའ་སྟོན་མཛོད་ཅིག
མཚུངས་ལྡན་ཚོར་ཤེས་རང་རྟོགས།
འདི་ཡང་རྒྱུ་དྲུག་ལས་རྒྱུ་འབྲས་སོ་སོའི་དུས་མཉམ་པའི་སྤྱིའི་དབང་དུ་བྱས་པའི་རྒྱུ་རུ་བཤད་ལ་དེའི་བྱེ་བྲག་མཚུངས་ལྡན་གྱི་རྒྱུ་ནི། འདི་ལས་ལོགས་སུ་མེད་ཀྱང་རྟེན་མཚུངས་པའི་སེམས་དང་དེའི་འཁོར་དུ་བྱུང་བའི་སེམས་བྱུང་སེམས་པ་དེ་དག་ཕན་ཚུན་རྒྱུ་རང་དང་ལྷན་ཅིག་ཏུ་འབྱུང་ཞིང་སོ་སོས་སོ་སོར་གྲོགས་བྱེད་ཅིང་ཕན་འདོགས་པའི་གནད་ཀྱིས་ལྷན་ཅིག་འབྱུང་བའི་དོན་ལྡན་ཞིང་། མཚུངས་པ་བཞིའམ་ལྔའི་སྒོ་ནས་མཚུངས་པ་ལྡན་པའི་ཕྱིར་བྱེ་བྲག་ཀྱང་ངོ་། །དེ་ཡང་དམིགས་པ་དང་རྣམ་པ་ཙམ་ཞིག་མིན་པར་རྟེན་ཡང་མཚུངས་པའི་ཕྱིར་དུས་དང་རྒྱུད་ཐ་དད་པའི་གང་ཟག་ལ་མེད་དོ། །དེ་ཡང་རྣམ་བཤད་ལས། དེ་ལྟ་ན་ཟླ་བ་ཚེས་པ་ལ་སོགས་པ་ལྟ་བའི་རྒྱུད་ཐ་དད་པ་ལས་སྐྱེས་པ་རྣམས་ལ་ཡང་ཐལ་བར་འགྱུར་ཏེ། དེ་ལྟ་བས་ན་རྟེན་མཚུངས་པ་ཅན་རྣམས་སོ་ཞེས་གསུངས་པ་ལྟར་བུའོ།། སྐལ་མཉམ་མཐོང་བ་འཛུམ་ཤོར།
འབྲས་བུ་རང་དང་རིགས་འདྲ་བའི་མཉམ་ཁྱད་གང་རུང་སྐྱེད་པའི་རྒྱུ་ནི་སྐལ་མཉམ་གྱི་རྒྱུ་ཞེས་བྱ་སྟེ། འདིའི་རིགས་འདྲ་བའི་དོན་ནི། གྲུབ་མཐས་འཛིན་མཚམས་དང་། རིགས་པས་གྲུབ་ཚུལ་གཉིས་ཀྱིས་བཤད་ན། འགྲེལ་པ་དག་ལས། ཟག་བཅས་ཟག་བཅས་དང་། ཟག་མེད་ཟག་མེད་སོགས་རིས་གཅིག་པ་དང་འདོད་པའི་དགེ་བ་འདོད་པའི་དགེ་བ་སོགས་དང་། སྤང་བྱའི་རིས་ལས་ཀྱང་སྡུག་བསྔལ་མཐོང་སྤང་སྡུག་བསྔལ་མཐོང་སྤང་དུ་རིས་འདྲ་བ་སོགས་གང་ཟག་རྒྱུད་གཅིག་གིས་བསྡུས་པའི་ས་ཁམས་ཐམས་ཅད་ཀྱང་རིས་འདྲ་བའི་སྒོ་ནས་མིག་གི་རིས་འདྲ་སྔ་མས་མིག་གི་རིས་འདྲ་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་པ་ལས་རྣ་བ་སོགས་ཀྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་མི་འཐད་དོ། །ཞེས་འདི་ཙམ་གྱིས་གྲུབ་མཐའ་རུ་གནས་ཀྱང་། རིགས་པས་དེད་ན་འདྲ་བའི་ས་མཚམས་འཛིན་པར་དཀའ་ཡང་། འདི་ནི་འཇིག་རྟེན་གྱི་གྲགས་ཚོད་ཀྱི་དབང་དུ་བྱས་པར་སྣང་སྟེ། རིགས་པས་དེད་པའི་སྐྱེ་གནས་རྒ་འཇིགས་སོགས་འདྲ་བ་ཡོད་ཚད་འཇིག་རྟེན་དུ་འདྲ་བའི་ཚད་དུ་མི་འཛིན་ལ། བློ་ཚོད་རན་པ་ཞིག་གིས་འཇོག་དགོས་པའི་ཚད་དེ། མཐར་གཏུགས་ན་རིགས་པས་གྲུབ་པར་དཀའ་བའི་ཕྱིར་རོ། །འདི་རུ་ཟག་མེད་སྐད་ཅིག་དང་པོ་མ་ཡིན་པའི་འདུས་བྱས་ཀྱི་ཆོས་ཐམས་ཅད་ལ་རང་གི་སྐལ་མཉམ་གྱི་རྒྱུ་ལས་སྐྱེས་པས་ཁྱབ་ཅེས་གསུངས་པའི་ཐད་དུ། མ་འོངས་མི་སྐྱེ་བའི་འདུས་བྱས་དང་། མཆིམས་མཛོད་ལས་སྒྲ་ནི་རྒྱུ་མེད་པའི་ཕྱིར་མི་སྤྲུལ་ལོ། །ཞེས་གསུངས་པ་དང་། འདོད་པ་ནས་གཟུགས་མེད་དུ་སྐྱེ་བ་ལེན་པའི་ཚེ། གཟུགས་མེད་དུ་སྐྱེས་མ་ཐག་པའི་གང་ཟག་དེའི་རྒྱུད་ཀྱི་སྲོག་དབང་དང་ཡིད་དབང་སོགས་ཀྱི་སྐལ་མཉམ་གྱི་རྒྱུ་ཡོད་མེད་སོགས་ཀྱི་དོགས་པ་མང་ཡང་ཡེ་གེ་མང་དུ་དོགས་པས་མ་བྲིས་ལ་རྒྱས་པ་ངག་ལས་ཤེས་པར་བྱའོ། །མཉམ་ཁྱད་ཀྱི་དོན་ནི། ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་གསུངས་པ་ལྟར། རང་དང་ལམ་མཉམ་པ་དང་རང་ལས་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་ཀྱི་རང་ལས་དམན་པའི་སྐལ་མཉམ་གྱི་རྒྱུ་བྱེད་པ་མེད་པའི་དོན་ནོ། །

ཀུན་འགྲོ་སེམས་པའི་དགེ་སྡིག
ད་ནི་སྤང་བྱ་རིས་ལྔ་ལ་དམིགས་པའི་སྒོ་ནས་རང་སའི་ཉོན་མོངས་པ་ཀུན་གྱི་ཐུན་མོང་གི་རྒྱུ་རུ་འགྲོ་བའི་ཀུན་འགྲོའི་རྒྱུ་ཞེས་བྱ་བ་ལ་ཕྱི་མིག་གཡོ་ཙམ་ཞིག་བྱས་ན། འདི་ཉིད་ལ་ཁ་ཅིག་གིས་གོང་དུ་བསྟན་པའི་ལྷན་ཅིག་འབྱུང་རྒྱུ་དང་མཚུངས་ལྡན་གྱི་རྒྱུ་བཞིན་སྐལ་མཉམ་དང་སྤྱི་དང་བྱེ་བྲག་ཏུ་གནས་པར་འདོད་ཀྱང་འཁྲུལ་བ་སྟེ། འདི་ནི་ཁམས་དང་ས་རིས་མཐུན་པ། གང་ཟག་རྒྱུད་གཅིག་གིས་བསྡུས་པ་སོགས་ལས་སྡུག་བསྔལ་མཐོང་སྤང་ལས་སྡུག་བསྔལ་མཐོང་སྤང་བསྐྱེད་དགོས་པ་ལྟར་བའི་རིགས་མཐུན་པ་ནི་མི་དགོས་ཏེ། སྡུག་བསྔལ་མཐོང་སྤང་ནི། སྤང་བྱ་རིས་ལྔ་ཆར་གྱི་ཀུན་འགྲོའི་རྒྱུ་རུ་འགྲོ་བ་དེའི་ཕྱིར་རིས་གཞན་སྐྱེད་པའི་ཀུན་འགྲོའི་རྒྱུ་ཡིས་སྐལ་མཉམ་གྱི་རྒྱུ་ལ་མ་ཁྱབ་པས་དོར་དགོས་སོ། །དེ་ཡང་ཀུན་འགྲོའི་རྒྱུ་ནི། འདོད་པའི་སྡུག་བསྔལ་མཐོང་སྤང་གི་ལྟ་བ་ལྔ་དང་། ཐེ་ཚོམ་དང་མ་རིག་པ་སྟེ་བདུན། འདོད་པའི་ཀུན་འབྱུང་མཐོང་སྤང་གི་ལྟ་བ་མཆོག་འཛིན་དང་། ལོག་ལྟ་དང་ཐེ་ཚོམ་མ་རིག་པ་སྟེ། བཅུ་གཅིག་ཁམས་གོང་མ་གཉིས་སོ་སོར་ཡང་དེ་ལྟར་བཅུ་གཅིག་རེ་སྟེ་ཕྲ་རྒྱས་ཀུན་འགྲོ་སུམ་ཅུ་རྩ་གསུམ་མཚུངས་ལྡན་མཚན་ཉིད་དང་བཅས་པ་རྣམས་གནས་ལྔ་པར་འཆད་འགྱུར་གྱི་ཕྲ་རྒྱས་ཀུན་འགྲོ་དང་། འདིར་བཤད་པའི་རྒྱུ་ཡང་ཡིན་ཏེ། ཁམས་སོ་སོའི་ཀུན་འགྲོ་དེ་དག་ཁམས་དང་དེའི་ཉོན་མོངས་རྣམས་ཀྱི་སྔོན་དུ་འགྲོ་བའི་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་པའི་ཕྱིར་རོ། །
རྣམ་སྨིན་རྒྱུད་ལ་རང་འཁོར།
ཟག་པ་དང་བཅས་པའི་རང་འབྲས་རྣམ་པར་སྨིན་པའི་དགེ་མི་དགེ་གང་རུང་ནི། འདི་རྣམ་སྨིན་གྱི་རྒྱུ་ཡིན་གྱི། དེ་ལས་གཞན་པའི་ལུང་མ་བསྟན་དང་ཟག་མེད་ཀྱི་ལས་དེ་དག་ནི། ས་བོན་རུལ་བ་བཞིན་དུ་སྲེད་པས་མངོན་པར་བརླན་ཡང་ངོ་བོ་སྟོབས་ཆུང་བའི་ཕྱིར་དང་། ངོ་བོ་སྟོབས་དང་ལྡན་ཡང་ཆུ་དང་བྲལ་བའི་ས་བོན་གྲུང་པོ་བཞིན་དུ་སྲེད་པས་བརླན་པ་མེད་པའི་ཕྱིར་རྣམ་སྨིན་གྱི་རྒྱུ་རུ་མི་འཇོག་སྟེ། རྣམ་སྨིན་གྱི་རྒྱུ་རུ་འགྲོ་བ་ལ་རང་གི་ངོ་བོ་སྟོབས་དང་ལྡན་ཞིང་རྐྱེན་སྲེད་པའི་བརླན་དང་བཅས་པ་ཡིན་དགོས་པའི་ཕྱིར། ཞེས་འདི་ཙམ་གྱིས་མཇུག་བསྡུ་བའི་ཁུལ་བྱས་ཏེ། བྱེད་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་ཡི་ཐད་དུ་ཅུང་ཟད་དཔྱད་པའི་སྦྱོར་བ་བླངས་བའི་ཐད་དང་། དེའི་མན་ཆད་ཀྱི་ངོ་བོ་ཙམ་ཞིག་བསྟན་པའི་ཐད་ནས་སྐྱོན་གྱི་དྲི་མ་རྡུལ་ཙམ་མཆིས་པ་ཀུན་པོ་རང་ཁོ་ནའི་སྒྲིབ་པའི་མུན་པ་ཡིན་པས་མཐོལ་ཞིང་བཤགས་སོ།།

བསྔོ་བ་དུག་འཇོམས་རྡོ་རྗེ།

དེ་ལྟར་བཤད་པའི་ལེགས་བཤད་རྒྱ་མཚོའི་ཆུ་ཐིགས་རེ་དང་ཆུ་རྡུལ་རེ། །
གང་དང་གང་ཞིག་མཆིས་པ་ཀུན་ཀྱང་གཤེས་མཉེན་དམ་པའི་བཀའ་དྲིན་ལས། །
བདག་ཡིད་རྨོངས་པའི་དྲྭ་བའི་གསེང་ནས་ལེགས་པར་བཤད་པ་འབྱུང་རེ་བཀན། །
ཡིན་ཡང་དགེ་བའི་བསམ་པས་ཟིན་པའི་དགེ་རྩ་མ་ལུས་ཀུན་ལ་བསྔོ། །

ཞེས་པ་འདི་ཡང་འགུ་ཟི་བ་བཀྲ་ཤིས་ནོར་བུ་ཞེས་འབོད་པ་དེས་སྤྱི་ལོ༢༠༢༡ལོའི་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་སྔར་འགྱུར་མཚམས་གནས་མཐོ་རིམ་ནང་བསྟན་སློབ་གླིང་དུ་རྫོགས་པར་བྲིས་པ་དགེའོ།། །།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*