སྟོན་ཟླ་དང་ང་རང་།

ཀླད་བཀོལ། བོད་ལྗོངས། བསོད་ནམས་ཆོས་འཕེལ།

གོམ་ཁ་རྒྱང་ལ་ཉུལ་བའི་བདམས་པ་ཀུན། །
སུས་ཀྱང་བཙན་པོ་བཀའ་ཡིག་བརྫངས་བ་མིན། །
དྲི་མེད་སྟོན་ཟླའི་ཆུ་ཤེལ་རྒྱུ་བ་བཞིན། །
རྒྱུས་མེད་གཞན་གྱི་གནས་སུ་དབུགས་རིང་རྔུབ། །

བརྟན་བརླིང་དམ་ཚིགས་གཡུ་ཡི་མེ་ལོང་ནང་། །
འཛུམ་དཀར་རི་མོ་དོད་པའི་མི་དག་དང་། །
བྱམས་བརྩེ་དྲོད་ཀྱིས་སྙོར་བའི་ནང་མི་དག །
རྒྱང་ནས་དྲན་པའི་ངག་རིག་སྐྱེས་སུ་བཏེགས། །

ནས་འབྲུ་བསེར་བུས་བདས་པའི་ཞིང་ཁ་རུ། །
ཐོལ་བྱུང་ཆིག་ལབ་བྱས་ཏེ་ཡུན་དུ་འགྲེང་། །
གཏན་དུ་སེམས་ལ་སིམ་པའི་ལོ་ཟླ་དག །
མཛེས་སྡུག་རི་མོས་སྤུད་པའི་རྒྱ་བྱིན་གཞུ། །

ཆུ་སྐྱེས་འདབ་མ་ཟུམ་པའི་སྟོན་ཟླ་འདི། །
གཡུ་སྦྲང་ལྟོགས་སྐོམ་མོད་པའི་དུས་ཤིག་ལགས། །
ཀེ་ས་ར་ལ་འཁྲེང་བའི་སེམས་པ་ཀུན། །
ད་ནས་རྒྱང་རིང་མེ་ཏོག་ཚལ་དུ་སྤྱུག །

དྲན་པའི་ཁུད་དུ་སྦྲུམ་པའི་ཚོར་ཤེས་དག །
དབྱངས་གསལ་དལ་འགྲོ་མ་ཡི་རླབས་ལ་བསྐྱོན། །
ལུང་པའི་ཁུག་ཀྱོག་ཅིག་གི་མཚེའུ་འགྲམ། །
ཁྱོད་དང་ལབ་གླེང་ཡོད་ཚུལ་ཚིག་འགའ་བྲིས། །

སྤྲིན་གྱི་ཞལ་ཁབས་མེད་པའི་ཕ་ཡུལ་དུ། །
བརྩེ་འཛུམ་བསུང་འཐུལ་ཡབ་ཡུམ་བདོག་མོད་ཀྱང་། །
ལྔ་བཞིའི་ལང་ཚོ་དར་བའི་ཕྱེ་མ་ལབ། །
ཁྱོན་ཡངས་ཀུན་གསལ་བརྒལ་ཏེ་རྒྱང་ལ་རྩེན། །

འཁོར་འདས་དབྱངས་ལ་བརྒྱུས་པའི་རྣལ་འབྱོར་བ། །
བསམ་གཏན་སྤྱིལ་ཆུང་ནང་དུ་གཉིད་ལ་ཡུར། །
གྱེས་གདུང་ཤུགས་གླུ་ལེན་པའི་སྡོང་ལོ་སེར། །
ཨ་ཐང་ཆད་པའི་ཟོལ་གྱི་ས་རུ་ཉལ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།