སྦྲང་བུ་དང་འཐབ་འཛིང་། ལེའུ་དང་པོ།

དབྱིན་སྐད་ཀྱི་(mosquito)དུག་སྦྲང་ཟེར་བ་འདིའི་ཚིག་གི་འབྱུང་ཁུངས་ནི་སི་པན་སྐད་ཡིན་པ་དང་། དེའི་དོན་ནི། སྦྲང་བུ་ཆུང་ཆུང་ཟེར་བ་རེད། བོད་པས་དུག་སྦྲང་ཞེས་བཏགས་ཡོད་པ་རེད། དེ་ནི་མིང་དོན་མཚུངས་པའི་མིང་ཞིག་རེད་བསམས་བྱུང་། འཛམ་གླིང་སྟེང་གི་སྲོག་ཆགས་དང་འབུ་སྲིན་གང་གིས་མི་ལ་གནོད་པ་དང་འཇིགས་སྣང་ཆེ་ཤོས་སྤྲོད་ཀྱི་ཡོད་དམ་ཟེར་ན། ས་སྒང་འདིའི་སྟེང་གི་འབུ་དང་སྲོག་ཆགས་ཀྱི་ནང་ནས་མི་ལ་གནོད་པའམ་འཇིགས་སྣང་ཆེ་ཤོས་དེ་དུག་སྦྲང་གིས་བྱེད་ཀྱིན་ཡོད།
གཉན་སྲིན་ནམ་དུག་སྲིན་འདིས་མི་མང་པོ་ཞིག་འཆི་ལམ་ལ་འཁྲིད་ཀྱིན་ཡོད། (གཉན་སྲིན་ནམ་དུག་སྲིན= ནད་རིགས་ཁྱབ་གདལ་གྱི་རྐྱེན་བྱེད་པའི་ནད་འབུ་ཕྲ་མོའམ་ཡང་ན་གཞན་བརྟེན་སྲིན་འབུ་ )དུག་སྲིན་འདི་ཁྱབ་སྟངས་ཇི་ལྟར་རེད་ཟེར་ན། དུག་སྦྲང་གི་ནང་ནས་དུག་སྦྲང་(Anopheles-ཨན་ནོ་ཧྥ་ལེ་སི་ནི་དུག་སྦྲང་གི་བྱེ་བྲག་ཅིག འདར་ཚད་སྤེལ་བའི་དུག་སྦྲང་། ཨན་ནོ་ཧྥ་ལེ་སི་ཟེར་བ་འདི། ལ་ཌིན་གྱི་ཚིག་ཞིག་ཡིན་ལ་དེར་མཁོ་མེད་ཟེར་བའི་ནང་དོན་ཡོད།
དུག་སྦྲང་གི་དུག་ནད་སྔོག་འགོག་ལྟེ་གནས་འགས་དབྱེ་ཞིབ་ཀྱིས་བརྗོད་པ་ལྟར་ན། ཕལ་ཆེར་དུག་སྦྲང་སྣ་ཁ་མི་འདྲ་བ་སུམ་སྟོང་ལྔ་བརྒྱ་ཡོད་པ་དང་། དེ་དག་སྤྱིར་བཏང་བྱས་ན། དུག་སྦྲང་གི་ཁྱུ་ཚོགས་བཞི་བཅུ་ཞེ་གཅིག་ཙམ་གྱི་ནང་ལ་འདུ་བར་བཤད། མི་ལ་དུག་ནད་འགོ་མཁན་ནི་དུག་སྦྲང་མོ་ཨན་ནོ་ཧྥ་ལེ་སི་ཟེར་བ་དེ་རང་ཡིན་པ་དང་། འདི་ལ་རིགས་མི་འདྲ་བ་བཞི་བརྒྱ་སུམ་ཅུ་ཙམ་ཡོད། དེའི་ནང་ནས་རིགས་སུམ་ཅུ་ནས་བཞི་བཅུས་དུག་ནད་འདི་མི་ལ་འགོ་བཞིན་ཡོད།


དུག་སྦྲང་འདི་ནི་མོ་ཡིན་པ་དང་། འདིས་མི་ལ་སོ་བརྒྱབ་རྗེས་མི་ལ་དུག་ནད་དེ་འགོ་བའམ་ཁྱབ་ཀྱིན་ཡོད། ནམ་རྒྱུན་དུག་སྦྲང་འདི་ཤ་ཟ་མཁན་ཞིག་མ་རེད། ཤིང་ཏོག་གི་ཁུ་བ་དང་སྦྲང་རྩི་མངར་མོའི་རིགས་འཐུང་རྒྱུར་དགའ་ཞིང་རྩྭ་གཟན་སེམས་ཅན་གྱི་གྲས་སུ་གཏོགས། འོན་ཀྱང་། དུག་སྦྲང་མོ་དེ་རིགས་ཀྱིས་སྒོ་ང་གཏོང་སྐབས་རྫིང་བུ་དང་འཁྱིལ་ཆུ་མི་གཡོ་བའི་ངོས་ལ་གཏོང་གི་ཡོད། དུག་སྦྲང་མོས་དུག་སྒོང་གཏོང་ཐེངས་རེར་དུག་སྒོང་བརྒྱ་ལས་མང་བ་གཏོང་གི་ཡོད། དུག་སྦྲང་མོས་ཁྲག་ག་ཚོད་འཐུང་ན་དེས་ཚོད་ཀྱིས་མོའི་ལུས་པོ་ལ་ནུས་སྟོབས་རྒྱས་པ་དང་། དུག་སྒོང་གཏོང་བར་མོའི་ལུས་ལ་ནུས་སྟོབས་དགོས་ཀྱི་ཡོད་པས་མི་ལ་སོ་རྒྱག་གི་ཡོད།


དུག་སྦྲང་འདིས་འདར་ནད་འགོས་པའི་མི་ཞིག་ལ་སོ་བརྒྱབ་རྗེས་མི་གཞན་ཞིག་ལ་སོ་བརྒྱབ་པ་ཡིན་ན། དུག་སྦྲང་གི་ཕྲ་སྲིན་འདྲེན་བྱེད་ཀྱི་ནང་དུ་དུག་སྲིན་ཕྲ་མོ་འདི་མིའི་གཟུགས་པོའི་ནང་ལོགས་ལ་འཛུལ་བ་དང་། མིའི་ལུས་གསེང་ལ་འཛུལ་ཚར་བ་དང་མིའི་མཆིན་པའི་ནང་ལ་འགྲོ་གི་ཡོད། མཆིན་པ་ནི་ཁྲག་དྭངས་སྙིགས་འབྱེད་པའི་བཙག་སྣོད་ལྟ་བུ་དང་ཁྲག་གི་རྟེན་བྱེད་ཅིང་ཟས་སྐོམ་གྱི་དྭངས་མ་རྣམས་ཕོ་བ་ནས་ལུས་ལ་འདྲེན་པར་བྱེད་ཅིང་ད་རུང་ཁྲག་དྭངས་མ་རྣམས་ཕོ་བ་ནས་ཀླད་པ་དང་སྙིང་སོགས་ལ་འདྲེན་པར་བྱེད་ཀྱིན་ཡོད།
མཆིན་པའི་ནང་ནས་ཡུད་ཙམ་ནས་ཁྲག་དམར་པོའི་ནང་ལ་གནས་སྤོར་གྱི་འདུག དེ་ནས་ནད་འབུ་ཕྲ་མོ་ཇེ་མང་ནས་ཇེ་མང་སྟོང་ཕྲག་མང་བོར་འཕེལ་ཏེ་ཁྲག་དམར་པོའི་སྦུབས་ཕྲན་ལ་འཐབ་རྒོལ་བྱེད་ཀྱིན་ཡོད་རེད་ཅེས་གྷོ་གལ་ Google དང་ཡུ་ཌོབ་ YouTube གཞན་ཚན་རིག་པ་དང་། དུག་སྦྲང་སྐོར་ལ་ཞིབ་འཇུག་བྱེད་མཁན་མང་པོ་ཞིག་གིས་བརྟག་དཔྱད་ཞིབ་འཇུག་གིས་འགྲེལ་བརྗོད་མཐར་སྐྱེལ་བྱས་ཡོད།
འཁོར་ཡུག་ལྗན་ལྗིན་དང་འགྱིག་ཤོག་རྫོབ་པོ་སོགས་གད་སྙིགས་ཡོད་ས། འཁྱིལ་ཆུ་ཡི་ངོས་འགྲམ་དང་མོ་ཊའི་འཁོར་ལོ་རྙིང་པ། ཆུ་སྣོད་མི་གཙང་བ་དང་འདམ་ཁུ། ནགས་ཕྲན་རྫབ་རྫོབ། ཁང་པའི་འཁྲིས་སུ་ཆུ་རྙོག་འཁྱིལ་ཡོད་པ་སོགས་ཡོད་པའི་སྟེང་ལ་དུག་སྦྲང་འདི་འཁོར་གྱིན་ཡོད།
ད་རུང་དབྱིན་ཇིའི་དངོས་བྱུང་གཞི་འཛིན་གྱི་བརྙན་འཕྲིན་ལས་བརྗོད་པ་ལྟར་ན། (BBC) ཨ་ཧྥེ་རི་ཀའི་ནང་ལ་ཨེ་ཙིའི་ནད་ལས་དུག་སྦྲང་ལས་བྱུང་བའི་མ་ལ་རེ་ཡའི་ན་ཚ་འདིས་མི་འབོར་མང་པོ་ཞིག་འཆི་ལམ་ལ་བསྐྱེལ་དང་སྐྱེལ་བཞིན་ཡོད་ཟེར། (malaria – མ་ལ་རེ་ཡ) འདར་ཚད་དུག་སྦྲང་ལས་བྱུང་བའི་ཚད་རིམས་ཤིག་དང་། བོད་ཡིག་ནང་དུ་འདར་ནད་ཅེས་བསྒྱུར་འདུག ལ་ཌིན་སྐད་ཀྱིས་(Latin)ལ་རླུང་བུ་བཙོག་པ་ཟེར་གི་འདུག ན་ཚ་འདི་འགོས་པའི་རྟགས་མཚན་ནི། ཚ་བ་ཤུགས་ཆེ་འཕར་བ། གྲང་ཟུག་རྒྱག་པ། ཕོ་བའི་ནང་ལ་ན་ཟུག་རྒྱག་པ། མགོ་ན་བ་དང་ཐང་ཆད་པ་སོགས་ཡོང་གི་ཡོད། ནད་རྟགས་འདི་འདྲ་ཡིན་པ་ངོས་ཟིན་པ་དང་སྨན་ཁང་ལ་ངེས་པར་འགྲོ་དགོས་ཟེར།
འབུ་སྲིན་ཆུང་ཆུང་དེ་འདྲ་ཞིག་གིས་མི་འབོར་འདི་འདྲ་མང་པོ་ཞིག་གསོད་མི་སྲིད་པ་ཞིག་རེད། འོན་ཀྱང་། དེ་ནི་ངོ་མ་ཡིན་པ་དང་། འདར་ནད་འདི་འགོ་ནད་གསར་པ་ཞིག་མ་ཡིན་པར་སྤྱི་ལོ་མ་བྱུང་སྔོན་གྱི་ 2700 སྔོན་ལ་ཡོད་པ་དང་། རྒྱ་ནག་གི་རྩ་སྨན(Cinchona) སིན་ཁོ་ན། ( རྒྱ་གར་སོགས་སུ་ཡོད་ཅིང་མེ་ཏོག་དཀར་པོ་དང་ཟིང་སྐྱ་ཅི་རིགས་ཤར་བའི་སྡོང་པོ་ཁུ་བས་འདར་ཚད་ལ་ཕན་པ་ཞིག ) དུག་སྦྲང་གི་འགོ་ནད་དུག་སྲིན་ལ་ཕན་པའི་རྩྭ་སྨན་ཐོག་མ་སིན་ཁོ་ན་ཟེར་བ་འདི་རྒྱ་ནག་ནང་དུ་ཐོག་མ་བཟོས་ཡོད་ལ་མ་ལ་རེ་ཡའི་འགོས་ནད་འདི་ཐོག་དང་བོ་1880 ལོར་བཙལ་རྙེད་བྱུང་ཡོད།


འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བརྗོད་པ་ལྟར་ན། དུག་སྦྲང་གིས་མི་ལ་སོ་བརྒྱབ་ནས་ལོ་རྟག་པར་མི་ས་ཡ་གཅིག་ལས་མང་བ་ཞིག་འཆི་བཞིན་ཡོད་པ་དང་། སྲོད་དུས་དང་ནམ་ལངས་ཁར་སོ་རྒྱག་གི་ཡོད་ལ་ཤི་བ་མང་ཤོས་མངལ་སྦྲུམ་པའི་བུད་མེད་དང་བྱིས་པ་ལོ་ལྔའི་མན་རེད་ཟེར། ནར་སོན་པའི་དུག་སྦྲང་མོ་ནི་ཟླ་གཅིག་ལ་སྡོད་ཐུབ། འོན་ཀྱང་། ཆ་སྙོམས་བྱས་ན་མང་ཆེ་བ་བདུན་ཕྲག་གཅིག་ནས་གཉིས་བར་མ་གཏོགས་གསོན་གྱི་མེད། རོབ་རྩིས་བྱས་ན་2013 ལོར་མི་འབོར་ས་ཡ་198 ལ་འདར་ནད་ཀྱི་གནད་དོན་བྱུང་བ་དང་། མི་འབུམ་ལྔ་ཤི་ཡོད་པ་མ་ཟད། དེའི་ནང་ནས་མང་ཤོས་ཨ་ཧྥི་རི་ཁའི་ནང་གི་བྱིས་པ་རེད་ཟེར། ཕལ་ཆེར་འཛམ་གླིང་གི་མི་གྲངས་ཕྱེད་ཀར་འདར་ནད་ཀྱི་ཉེན་ཁ་ཡོད་པ་དང་། གཞན་བརྒྱུད་ལམ་ (གློག་བརྙན་དང་རླུང་འཕྲིན་ཚགས་ཤོག་སོགས་ལ་གོ) ལྟེ་གནས་ནས་བརྗོད་གསལ་ལྟར་ན། རྒྱལ་ཁབ་97 དང་ས་ཁུལ་མང་པོ་ན་མུ་མཐུད་དུ་ནད་ཡམས་འདི་འགོས་དང་འགོ་བཞིན་ཡོད་ཟེར། ལོ་རེར་ཨ་མི་རི་ཀའི་རྒྱབ་ཁབ་ནང་དུ་འདར་ནད་ཕོག་མཁན་ཆིག་སྟོང་ལྔ་བརྒྱ་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིའི་ནང་གི་འདར་ནད་ཀྱི་གནད་དོན་ཕོན་ཆེན་པོ་ཞིག་གི་ཡོང་ས་མང་ཆེ་བ་ཨ་ཧྥི་རི་ཀའི་( sub-Saharan) སུབ-ས་ཧ་རན་དང་། ལྷོ་ཨེ་ཤ་ཡ་ཐེ་བའི་འདར་ནད་ཁྱབ་གདལ་འ྄བྱུང་སའི་འཛམ་གླིང་ས་ཕྱོགས་ནས་འགྲུལ་པ་དང་ཡུལ་མི་གནས་སྤོ་མཁན་ཚོ་ལས་འགོ་བཞིན་ཡོད་འདུག


དེའི་ནང་ནས་ལུང་པ་འགའ་བགྲངས་ན། ལྷོ་ནུབ་ཨ་ཧྥི་རི་ཀ། ཨ་མི་རི་ཀའི་དཀྱིལ། ལྷོ་ཤར་ཨེ་ཤ་ཡ་སོགས་རེད། དེའི་ནང་ནས་ལུང་པ་འགའ་བགྲངས་ཏེ། འདར་ནད་ཀྱི་གནད་དོན་བྱུང་བའི་གྲངས་ཀ་ལ་བལྟས་པ་ཡིན་ན། ཨ་ཧྥི་རི་ཀའི། སྒ་ན(Ghana)- 1041260 ཨ་ཕི་རི་ཀའི། ཨན་རྒོ་ལ(Angola)- 16322282 ཨིན་སྒྲོ་ནེ་ཤི་ཡ།(Indonesia)- 256592 པ་ཀི་སི་ཏན།(Pakistan)- 334589 འབྲུག་རྒྱལ་ཁབ།- 194 རྒྱ་གར།- 13103667 རྒྱ་ནག 3367-བཅས་ཡིན་པར་བཤད་འདུག


འཇིགས་སུ་རུང་བའི་གྲངས་ཀ་གཞན་ཞིག་ནི། འདར་ནད་ལས་ཤི་བའི་གྲངས་ཀ དཔེར་ན། ཨ་ཧྥི་རི་ཀའི། སྒ་ན(Ghana)- 3259 ཨ་ཧྥི་རི་ཀའི། ཨན་རྒོ་ལ(Angola)- 6909 ཨིན་སྒྲོ་ནེ་ཤི་ཡ།(Indonesia)- 388 པ་ཀི་སི་ཏན།(Pakistan)- 24 འབྲུག་རྒྱལ་ཁབ།- 1 རྒྱ་གར།- 753 རྒྱ་ནག- 33 ་པ་བཅས་རེད།
རྒྱལ་ཁབ་ 97 དང་ས་ཁུལ་མང་པོ་ན་མུ་མཐུད་དུ་ནད་ཡམས་འདི་འགོས་དང་འགོ་བཞིན་ཡོད་པ་ལས་གོང་དུ་རྒྱལ་ཁབ་འགའི་ནང་ཁྱབ་པའི་གནས་སྟངས་ཞིབ་ཕྲ་ཚད་ལྡན་ཡིག་ཚགས་ཀྱི་གྲངས་འབོར་ལྟར་བྲིས་ཡོད།

གཞན་ལས་བཤུས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*