སྲས་ཆུང་གཞོན་ནུ།

ཁམས་ཟླ་སྲས། དཀར་མཛེས།

བློ་གྲོས་གློག་ཞགས་ཀྱི་སྤུ་གྲི། །
ངག་རིག་ཚིག་ཕྲེང་ལ་ཐུག་དུས། །
ཚོད་མེད་སྙིང་རྗེ་རང་མེད་པར། །
གཏུབ་པའི་གཤིས་ཀ་དེ་ཡག་ལེ། །

མཚོ་བྱུང་མེ་ཏོག་གི་ལང་ཚོ། །
འདི་སྣང་སྲིད་ཐང་དུ་བླངས་སྟེ། །
བདག་པོ་གཅིག་ཡིན་གྱི་ལས་ལ། །
སུ་ཞིག་ང་རྒྱལ་གྱིས་ཁེངས་སམ། །

བཅུ་ཕྲག་རིག་གཞུང་ལ་བསླབས་ཤིང་། །
སྡོམ་བརྩོན་དཀའ་ཐུབ་ལ་སྤྱད་ཀྱང་། །
མཐའ་མར་ཁྱིམ་ཐབ་དེ་སྐྱོང་བའི། །
གངས་རིའི་ཕོ་རྒོད་དེ་རྒྱལ་ལོ། །

མཁས་མང་དད་འདུན་གྱི་གླེགས་ནས། །
བསྒོམས་པའི་ལྷ་ཉིད་དེ་འཕྲོག་ཏེ། །
སྙིགས་དུས་ངག་རིག་གི་རྒྱལ་ས། །
རྩོད་མེད་ཡོངས་ཁྱབ་ཏུ་འཛིན་ཁྱོད། །

ཕྱག་སོར་འགུལ་སྐྱོད་ཀྱི་བར་ནས། །
སོན་པའི་རིག་བྱེད་ཀྱི་འགྱུར་ཁུགས། །
ཤོག་བུ་དཀར་གཙང་ངོས་ཕབ་སྟེ། །
མི་ཡུལ་ཟས་རན་ལ་སྤྲད་སོང་། །

བློ༷་བཟང༷་བསྟན་འཛིན་གྱི་བུ་ཉིད། །
གྲག༷ས་པ༷་ཕྱོགས་ཡོངས་སུ་འཕུར་བའི། །
གཅན་ཚའི་བྱམས་དགེ་ཡི་མི་ཕོ། །
དབྱངས་ཅན་བཞུགས་ཤག་ཏུ་གནས་སྐད། །

དབྱངས་ཅན་འཚོལ་ལམ་གྱི་གཞུང་ནས། །
བྲིས་པའི་དེབ་གཅིག་ལ་བསམ་ན། །
ཁོ་ཡིན་ང་ཡིན་ཞེས་སྨྲ་དག །
ཕྱོགས་ཙམ་བསྡུར་ཐབས་ཤིག་མི་འདུག །

ད་དུང་བརྩམས་དེབ་ཀྱི་གྲངས་ཀ། །
བཅུ་ཕྲག་གཅིག་ཡན་དུ་སོན་པ། །
ཕལ་ཆེར་བཀླགས་ཚོར་གྱི་རྟོག་འགྱུ། །
གླེང་ཡང་གླེང་ནུས་ཤིག་མ་རེད། །

གངས་རིའི་རྒྱལ་ས་རུ་བཞད་པའི། །
མཚོ་བྱུང་དབྱངས་ཅན་གྱི་སྲས་ཉིད། །
སྐུ་ཚེ་ལོ་བརྒྱ་རུ་འཚོ་ཞིང་། །
ངག་རིག་འཛད་མེད་དུ་གནང་འཚལ། །

བདག་ཀྱང་ངག་རིག་ལ་དུང་བས། །
བགྲང་བྱ་ལྔ་དྲུག་ཏུ་སྦྱང་ཡང་། །
ད་དུང་དེ་ཙམ་རང་ལགས་ཀྱང་། །
རེ་བའི་སྤོབས་པ་དེ་ཞུམ་མེད། །

དུས་ཀྱི་རྩོམ་པ་པོ་གྲགས་ཆེན་གཅན་རང་སད་ལ་མཆོག་ལ་གུས་ཕུལ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།