སེམས་ཀྱི་རྒྱབ་རི།

བོད་ལྗོངས། འོད་འཛིན་མ།

 

བཀའ་དྲིན་དང་སྐུ་དྲིན་བླ་ལྷག་མཐོ་བའི།
ངའི་དྲན་པའི་འཇིངས་ངོགས་སུ་བཞུགས་པའི་པཱ་ལགས།
ཁྱེད་རང་ཞོགས་པ་རེ་རེ་མ་སྐྱེས་ཨ་མའི་ཕྲག་གོང་གི་ཉི་འོད་རྔུབ་ཀྱིན།
བར་སྐོར་ལམ་གྱི་ཕྱི་ནང་ལ་གསོལ་བ་དང་སྨོན་ལམ་འདེབས་ཀྱིན་ཕེབས་བཞིན་ཡོད་དམ། ཡང་ན་གང་ཞིག་ནས་ཅི་ཞིག་གི་ཆེད་དུ་བྲེལ་བཞིན་ཡོད།

ཨ་ཕ་ལགས། ཁྱེད་ཀྱིས་རི་བོ་གྲུ་འཛིན་གྱི་ཉེ་འདབས་ནས།
སུ་ཞིག་གི་གླེགས་བམ་དྲན་ཡོང་། སུ་ཞིག་གི་དབུ་རྣ་དྲན་ཡོང་།

ཡང་ན་སུ་ཞིག་གི་འདས་མ་ད་གསུམ་དྲན་ཡོང་། ཁྱེད་ཀྱིས་ང་ལ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་བསླབས་མྱོང་ན་དྲན་ནམ། སྐབས་དེར་ང་རང་ལོ་ན་ཕྲན་བས།
ནང་དོན་ལ་དེ་ཙམ་གཞིགས་མ་ཤེས་མོད། ཚིག་སྙན་ཞིང་ཀློག་བདེ་བས།
ཕ་ལགས་ཀྱི་བཀའ་གསུང་ལྟར་མང་པོ་ཞིག་བཀླགས་མྱོང་བ་ངས་ད་དུང་བརྗེད་མེད། ཨ་ཕ་ལགས། ཁྱེད་རང་བཀའ་དྲིན་ཆེ། ཁྱེད་ཀྱིས་དེ་དུས་བུ་མོའི་ནང་སེམས་སུ་དེ་འདྲའི་བག་ཆགས་གཙང་མ་ཤིག་དང་།
ཕྱིར་དྲན་མཐུག་པོ་ཞིག་བཞག་མེད་ཚེ།
ཐ་ན་ངས་དེ་རིང་གི་འཕྲིན་ཡིག་འདི་ཡང་ཇི་ལྟར་དྲན་ཨང་།

ཨ་ཕ་ལགས། གཟིགས་དང་།
ཉི་ཟླ་དང་ཁ་ཐག་ཉེ་བའི་གནས་དེའི་མི་ཚོགས་ནི་ཅི་འདྲའི་སྙིང་སྡུག་པ་ཞིག་སྟེ། ཉི་ནུབ་དང་ཉི་ཤར་གྱི་མཚམས་ནས་སྐྱེ་འཆིའི་གོམ་སྒྲ་ལ་མཉན་ཞིང་།
མི་རེ་རེའི་ནང་སེམས་སུ་གཟིམ་དུ་མེད་པའི་སྒྲོན་མེ་རེ་རེ་བཏེགས་ཏེ།
དད་ཕྱག་དང་སེམས་བསྐྱེད་གཙང་མ་ཞིག་གི་ཀློང་ནས།
སུ་ལའང་སྨོན་ཚིག་དང་ཁ་གཡང་སྒྲོག་པ་ནི།
ཁོང་ཅག་གི་གོམས་གཤིས་སུ་གྲུབ་འདུག་ལ།
ཁོང་ཅག་ནི་ཉེ་རིང་ཆགས་སྡང་མེད་པར།
ཞི་བའི་སེམས་དང་བདེན་པའི་ལས་ཀྱིས་མདུད་དུ་བསྐྱོད་ཅིང་།
ད་ལྟ་ལས་མ་འོངས་པ་གཙིགས་སུ་འཛིན་པའི་མི་བུ་ཤ་སྟག་ཡིན་ཟེར་ནའང་མི་ཆོག་པ་མི་འདུག
ཨ་ཕ་ལགས། ཁྱེད་ཀྱང་དེ་དག་དང་ལྷན་དུ་ཡུན་རིང་ལ་འགྲོག་ཚེ།
ཁྱེད་ལའང་ཁོང་ཅག་དང་མཚུངས་པར་མི་གཤིས་ལེགས་པོ་ཞིག་འཁྲུང་ཡོང་བ་གདོད་མི་ཟའོ།

ཨ་ཕ་ལགས། ཡང་ན་ཁྱེད་རང་ལྷ་སའི་ཁྲོམ་གཟིགས་སྒང་ན་མེད་དམ།
ངས་གློ་བུར་དུ་འདི་དྲན་དོན།
ཁྱེད་རང་ཚོང་ལས་ལ་དགའ་ཞིང་ཚོང་ལས་ཀྱིས་ཕྱུག་པའི་སྐྱེས་པ་དམིགས་བསལ་བ་ཞིག་སྟེ། ཁྱེད་ནི་ནམ་ཡང་རྗེས་ལུས་ལ་དོགས་ཤིང་སྔོན་ཐོན་ལ་རེ་བའི་
མི་བུ་ཕུགས་བསམ་ཅན་དེ་མ་ཡིན་ནམ།

ཨ་ཕ་ལགས། དངོས་ནས་བཤད་ན།
ཁྱེད་ནི་ཅི་ཡང་མི་ནུས་ཤིང་གང་ཡང་མི་འཇོན་པའི་སྐྱེས་པ་ཞིག་གཏན་ནས་མིན་ཏེ།
སྤྱི་ཚོགས་ཀྱི་གདུག་རྩུབ་དང་འཚོ་བ་ཡི་གནོད་ཤུགས་རྒོད་པའི་དུས་རབས་ཤིག་ནས། ཁྱེད་ཀྱིས་ཡོད་ཚད་ལ་གདོང་གཏད་དེ་མདུན་སྐྱོད་ཀྱི་གོམ་ཁ་ལྷོད་མ་མྱོང་ལ། ཕ་མ་དང་ཕུ་ནུ་གཉེན་ཉེ་སོགས་ཉེ་གམ་གྱི་མི་དག་ལ་ཤིན་ཏུ་བྱམས་ཤིང་།
ཞེ་སྡང་བ་དང་སྙིང་ན་བ་སོགས་ལ་ཡེ་ནས་ཞེད་མ་མྱོང་བའི་མི་བུ་སྙིང་སྟོབས་ཅན་ཞིག་ཀྱང་མ་ཡིན་ནམ།

ཨ་ཕ་ལགས། ཐུགས་རྗེ་ཆེ།

ང་རང་ཁྱོད་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་སྐྱེས་པ་ནས་བཟུང་།
ངས་མི་ཡུལ་གྱི་དཀའ་སྡུག་དང་འཚོ་བའི་དར་རྒུད་སོགས་རིག་མ་མྱོང་ལ།
ཟས་གོས་ལ་སེར་སྣ་དེ་བས་ཀྱང་ག་ལ་ཤེས། ང་རང་ས་གང་དུ་སོང་ཡང་།
ཡུལ་གང་དུ་བསྡད་ཀྱང་། སུ་ལའང་སྐྲག་མི་དགོས་ཤིང་།
གང་ལའང་རེ་མི་དགོས་པའི་ཡིན་ཤག་ཤག་གི་མགོ་བོ་མཐོན་པོ་ཞིག་ཡོད་པ་འདི་ཡང་། ཏག་ཏག་རང་ཉིད་ཀྱི་དུས་གསུམ་ལ་ཕ་ལགས་ཀྱིས་གནང་བའི་ནང་སེམས་ཀྱི་རྒྱབ་དཔུང་དང་། བརྩེ་འདང་གི་དྲོད་ཁོལ་དེ་ཡོད་པས་ལོས་ཡིན་ཨང་།

ཨ་ཕ་ལགས།
མདོར་ན་ཁྱེད་ཀྱི་ད་ལྟའི་བར་ཁྱིམ་ཚང་འདིའི་དོན་དུ་རང་ཉིད་ཀྱི་ཚེ་སྲོག་འབེན་ལ་བཞག་སྟེ། དཀའ་སྡུག་གི་རྔུལ་ཆུ་ཇི་ཙམ་བཞུར་བ་མྱོང་བ་ངས་རྟོགས་ཡོད། ངས་ཚོར་ཡོད།
དངོས་གནས་ཁྱེད་ཀྱིས་ངེད་ཅག་གི་དོན་དུ་འོ་བརྒྱལ་མཛད་རྒྱུ་མང་དྲགས་སོང་། སེམས་ཚེགས་གནང་རྒྱུ་ཆེ་དྲགས་སོང་།

ཨ་ཕ་ལགས། ད་ནི་ཁྱེད་ཀྱི་ཞལ་རས་ལ་གཉེར་མ་བབས་ཤིང་།
དབུ་སྐྲ་ལ་སེར་ཐིག་ལྷུང་འདུག་པས།
ཤིན་ཏུ་ལྗིད་ཆེ་བའི་ཕྲག་ཐོག་གི་འགན་ཁྲི་ལྕི་མོ་དེ་ས་རུ་ཕོག་སྟེ།
ཁྱེད་ཉིད་སྐུ་བདེ་ཞིང་ཐུགས་དྭངས་བའི་དུས་འདིར།
ཅིས་ཀྱང་སྐུ་ངལ་ཞིག་གསོ་རོགས། ཆོག་ཤེས་ཤིག་བྱེད་རོགས།
ཨ་ཕ་ལགས། འདི་ནི་ངའི་ཆེས་ཐ་མཇུག་གི་རེ་བ་ཡིན། གསོལ་འདེབས་ཡིན། སྨོན་པ་ཡིན། མཇུག་མཐར་ཕ་ལགས་ཀྱི་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་ཅི་བསམ་དོན་ཀུན་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།