ཆབ་མདོ། འོད་འཛིན་མ།
བསིལ་ཟེར་ཟླ་བ་ཤར་རིའི་ཕྲག་ནས་འཛུམ།།
ཟུར་མིག་སྐར་ཆུང་སྒེའུ་ཁུང་འགྲམ་དུ་ལྷུང་།།
འཇིག་རྟེན་ཁུ་སིམ་གནས་པའི་བར་སྟོང་དག།
སྙན་ངག་མེ་ཏོག་འཐུ་བའི་སྐྱེས་སུ་བསྒོམས།།
དྲན་པ་རབ་རུབ་ཚིག་གི་ནང་རོལ་བསྐྱིལ།།
རྨི་ལམ་མག་མོག་དབྱངས་ཀྱི་ཕ་མཐར་བསྐྱལ།།
ཚོགས་དྲུག་རྒྱུ་སྐར་ཤར་བའི་གྲོང་ཚོ་ནས།།
རབ་དཀར་ཟླ་བའི་སྨིན་མ་འཁྱུག་ཙམ་བྱུང་།།
ཁྱོད་ནི་སྤྲིན་གྱི་རི་རབ་བརྩེགས་པའི་ངོས།།
དལ་གྱིས་སྐྱོད་པ་འདྲ་ལ་མྱུར་བར་བགྲོད།།
ཞེན་ཆགས་ཕྱི་མིག་གྲིབ་མའི་པང་དུ་འཁྱིལ།།
ཚོར་བའི་ལག་པ་རྒྱུད་སྐུད་བར་ན་ཤོར།།
དགའ་སྐྱོ་རླབས་ཀྱིས་སྐྱོམ་པའི་སོ་རྩེ་རུ།།།
ང་དང་ཟླ་བའི་རྟོག་བརྗོད་མ་འགྲེལ་མོད།།
དུང་སེམས་དར་སྐུད་འཐེན་སའི་ཤོག་ལྷེ་རུ།།
བསུབ་མེད་ཐ་སྙད་འགའ་ཞིག་དཔེ་རུ་འཚངས།།
ཕྱི་རོལ་མཚན་མོ་ལྷིང་འཇགས་ཚང་དུ་ཉལ།།
སྙུག་ཐོགས་ཨ་ཅག་ཚོར་བའི་རླུང་གིས་བསྒུལ།།
དགོང་ཟླའི་འོད་ལ་འཁྱུད་པའི་དམར་ཆུང་ཞལ།།
དགའ་སྐྱོ་རླབས་ཀྱིས་ཁུར་བའི་བྱིའུ་ཆུང་ཞིག།
གཙང་པོ་བཞུར་སྐད་རྣ་བར་ལྷང་ལྷང་འབབ།།
ཟླ་བའི་གླིང་ཕྲན་སྤྲིན་གྱི་འདབ་མ་གཡོ།།
ལོ་ཟླའི་གསང་བ་མཚོན་པའི་གཞས་ཆུང་འདི།།
ཐུན་གསུམ་རྨི་ལམ་རོལ་བའི་སྟ་གོན་ཡིན།།
གཟུང་འཛིན་ཡིད་ཀྱི་སྤྲོས་པ་མ་ཞིག་པས།།
བདེན་གྲུབ་ཟླ་བའི་མེ་ཏོག་རྐང་གཅིག་ལ།།
ཞེན་ཆགས་སེམས་ཀྱི་སྨུག་པ་མ་དྭངས་བར།།
ཡང་ཡང་འཁྲེང་བའི་མིག་ཟུང་སྙིང་རེ་རྗེ།།
ལས་འཕྲོའི་མྱུ་གུ་སྨིན་པའི་དུས་ཚིགས་འདིར།།
སེམས་ཀྱི་ཀོ་གྲུ་ཁྱོད་སར་ཕྱོགས་དང་ལྷན།།
སྣང་བའི་རི་ལུང་བརྒལ་བའི་གླུ་ཆུང་འདི།།
འགྱུར་མེད་དམ་ཚིག་སྲུང་བའི་རྟེན་དུ་འབུལ།།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.