ཚུལ་མཁས། (མགོ་ལོག)
འདི་ན་ཆེས་ཡིད་གར་འོང་བའི་དཔེ་ཀློག་གི་འཇིག་རྟེན་དང་ཁོར་ཡུག་གི་མཛེས་སྡུག་གྱ་ནོན་པ་རེ་ཡོད་པས་མི་མང་ཤོས་ཀྱིས་སློབ་གླིང་འདིར་སྐྱེ་བ་ཕྱི་མ་ཡང་སྐྱེ་ཐུབ་པའི་སྨོན་ལམ་འདེབས་མཁན་ཉུང་ཉུང་མིན། དེ་ནི་གནས་འདིར་བྱམས་བརྩེ་དང་ཞི་བདེ། འདྲ་མཉམ་དང་འཚོ་བའི་ཆ་རྐྱེན་སོགས་ཚད་མཐོན་པོར་སླེབས་པས་ཅིའི་ཕྱིར་མིན། འདི་ན་འཚོ་བའི་དགེ་སློབ་ཚོས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ། ཉིན་མཚན་རིས་མེད་དུ་སློབ་སྦྱོང་ཁོ་ནས་འཛད་བཞིན་པ་དོན་དངོས་རེད། ད་དུང་། གཞན་ཕན་ཁོ་ན་ཐུགས་ལ་བརྣགས་པའི་མཆེད་ལྕམ་ཚོས་ཕུགས་བསམ་རྒྱ་ཆེ་ལ་རྒྱང་རིང་བས་ང་ནི་ཁོང་ཅག་གི་ཐུགས་བསྐྱེད་ལ་ཡིད་སྨོན་གྱིས་ངང་ནས་དུས་གྲོན་མཁན་དེའི་རིགས་སུ་གཏོགས།
རེད་དེ། ངའང་ཁྱེད་ཅག་དང་མཚུངས་པར་དང་པོ་གནས་འདིར་འབྱོར་ཞིང་རྗེས་སུ་གནས་འདི་ནས་སློབ་མཐར་ཕྱིན་པའི་དགའ་སྐྱོ་ཟུང་འབྲེལ་གྱི་ཉི་མ་ཞིག་དང་། རྨི་ལམ་མངོན་འགྱུར་འོང་བའི་ཟླ་འོད་གསལ་ལ་དྭངས་བ་ཞིག་ཀྱང་ཡོད་ངེས། དེ་དུས་དགའ་བ་དང་སྐྱོ་བ། དྲན་གདུང་དང་མཛའ་གཅུགས། འདས་ཟིན་པའི་ལང་ཚོ་དང་དཔལ་ཡོན། མ་འོངས་པའི་ཕུགས་བསམ་དང་རྨི་ལམ། གནས་འདིར་སྲ་བརྟན་གྱིས་ཆགས་པའི་མཛའ་བརྩེ་དང་རེ་སྨོན་སོགས་མི་ལོ་བཅོ་ལྔའི་ཐོབ་སྐར་བསགས་པ་རྣམས་དཔང་ཡིག་ཅིག་ལ་བསྟིམས་ཏེ། རང་རང་སར་ལམ་ལ་ཆས་སྲིད།དེ་དུས་སེམས་ཀྱི་ལོངས་སྤྱོད་ཅིག་སྙེད་མདོག་གིས་གཞན་གྱི་མཐོང་ལམ་དུ་འདྲ་དཔར་ཁ་ཤས་སྒྲོན་སྲིད་ལ་བཞུད་ཟིན་པའི་ལོ་ཟླ་ལ་ཞིབ་རྩིས་ཤིག་བརྒྱབ་རྗེས། ད་ལྟ་རང་གི་བཞིན་རས་ལ་མ་བྲིས་རང་དོད་ཀྱི་རྒས་གཉེར་བབས་པ་མངོན་རྗེས། སུས་ཀྱང་མི་གོ་ས་ཞིག་ནས་ཡིད་ཆད་དང་ལེ་བདའ་རང་ལ་བྱེད་ཀྱང་སྲིད།
ངས་བསམ་ཞིག་གི་སྒོ་མོ་ཕྱེས་ཤིང་ཕུགས་མདུན་ལ་སྐོར་བ་བྱས་ཚེ། ང་རང་སློབ་མཐར་ཕྱིན་སྐབས་ཁྱེད་ཅག་དང་མཚུངས་པར་རྣམ་དཔྱོད་དང་ཤེས་ཡོན་བླ་ན་མེད་པ་ཞིག་དང་། ཡང་ན། ཁྱེད་ཚོས་ཐུགས་བཞེད་ལྟར་ཕུགས་བསམ་རྒྱ་ཆེན་པོ་ཞིག་ཡིན་མི་སྲིད་དེ། མཆེད་ལྕམ་ཁྱེད་ཅག་གིས་གཞན་ཕན་ཁོ་ནར་གཙུག་ཏུ་བཀུར་ཏེ། ས་ཆེན་པོ་བྱམས་བརྩེས་སྐོར་ཞིང་འཇིག་རྟེན་བསམ་བློའི་དཔལ་ཡོན་ལ་བསྒྱུར་ངེས། ད་དུང་། ཕ་སྐད་དང་མ་ཡིག་གི་གཟི་དཔལ་འབར་བའི་ཡབ་མེས་ཀྱི་རིག་གཞུང་འཛམ་གླིང་གི་ཡང་རྩེར་བསྒྲེང་ཞིང་ཀུ་ཡངས་བའི་སྟོང་ཁམས་ལ་བྱང་སེམས་ཀྱི་སྦྲང་ཆར་སྩོལ་ངེས། ཁྱེད་ཅག་གི་ཕུགས་བསམ་ནི་ཉི་མ་དང་ཟླ་བ་ལས་ཀྱང་གཟི་དཔལ་འཕྲོ་སྟེ། རིས་མེད་འགྲོ་བའི་མ་རིག་པ་གཏན་དུ་བཅོམ་པའི་ཤེས་རབ་ཀྱི་འོད་ཕུང་ཁོ་ན་གཞན་ལ་སྟེར་སྲིད། ཨ་ཨ། ཅི་འདྲའི་གཟི་བརྗིད་དང་ཡིད་གར་འོང་བ་ལའང་།
ང་ཚོའི་རིང་མ་ཐུང་གི་མི་ལོ་བཅོ་ལྔ་ནི་དཀའ་སྡུག་གི་རྔུལ་ཆུ་སྣ་ཚོགས་ཤིག་བསགས་ཏེ། ཐོས་པ། བསམ་པ། སྒོམ་པའི་ཤེས་རབ་ཀྱི་ལམ་བུ་འཚོལ་ཆེད། ཕ་ཡུལ་དང་ལུང་པ་མི་གཅིག་ལ་ཟས་རིགས་ཀྱི་སྲོལ་ཁ་ཡང་མི་མཚུངས། རི་བོའི་མཐོ་དམན་མི་འདྲ་ལ་ཆུ་བོའི་འབབ་རྒྱུན་ཡང་མི་གཅིག་པའི་རི་སྡེ་སོ་སོ་ནས་ང་ཚོ་འདིར་གར་ལྷན་གཅིག་ཏུ་འདུས་ལ་གཞི་གཅིག་ཏུ་གནས། ད་དུང་། སྔོན་བྱོན་རྒྱ་གར་མཁས་པའི་ཤེས་རབ་ཀྱི་འཇིངས་མཐུག་ཅིང་། ཕྱི་རབས་བོད་ཀྱི་སློབ་མའི་ཉམས་ལེན་བརྟན་པའི་གླེགས་བམ་ལ་འདུ་བ་ཤིག་ཤིག་གཡོ་བའི་མཆེད་ལྕམ་ཚོ། གནམ་སྔོན་མོས་མར་ལ་བཀབ་པ་དང་ས་ཆེན་པོས་ཡར་ལ་བཏེགས། རི་ཐམས་ཅད་གྱེན་དུ་བརྩིགས་པ་དང་ཆུ་བོ་ཐུར་ལ་ཁྲིད་པ་ལྟ་བུའི་རྟེན་འབྲེལ་གྱི་ལྟ་བ་ཡིས་ཐུགས་བློ་ཅི་ཙམ་བཀང་མྱོང་། མཆེད་ལྕམ་ཚོ། མེ་ཏོག་གི་འདབ་མ་དར་ཟབ་ཀྱིས་བཏགས་པ་ལྟར་འཇམ་ལ་སྤྲིན་དཀར་གྱི་ཕུང་པོ་ཆུ་ཡིས་བཀྲུས་པ་བཞིན་གཙང་ཞིང་། སྤང་ཐང་གི་ཁ་དོག་ཚོན་གྱིས་བྱུགས་པ་བཞིན་བཀྲ་སྟེ།གངས་རི་ཤེལ་གྱི་མཆོད་རྟེན་ལྟར་མཛེས། མཚོ་མོ་གཡུ་ཡི་མེ་ལོང་དང་འདྲ་བའི་གནས་དེ་དག་ཡིད་སྨོན་སྐད་ཅིག་ཙམ་སྐྱེ་བ་སྲིད་དམ། དཔེ་མི་སྲིད་དེ། མཁའ་འགྲོ་རྙི་ལ་ཐོགས་པ་ལྟར་རིག་པ་གཞི་ནས་མི་གཡོ་ལ་རྣམ་རྟོག་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དྲན་རྟོག་གི་མཚམས་བཅད་དེ་གནས་ཀྱང་སྲིད། ད་དུང་། དུག་སྦྲུལ་གྱི་ཚང་དང་མེ་མ་མུར་གྱི་འོབས། རལ་གྲིའི་ཚལ་དང་གཤིན་རྗེའི་གྲོང་ཁྱེར་ཡང་ཐར་བ་དང་མྱང་འདས་སུ་གཟིགས་ལ་ཞི་བ་དང་བདེ་བའི་གནས་རིས་ཁོ་ནར་རྟོགས། རྟེན་འབྱུང་ཟབ་མོ་ལ་རིག་པའི་དབལ་གྱིས་དཔྱད་དེ། གང་སྣང་སྒྱུ་མ་དང་རྨི་ལམ། དྲི་ཟའི་གྲོང་དང་སྨིག་རྒྱུ་ལྟ་བུར་མཁྱེན་པའི་མངོན་རྟོགས་བརྟན་པོའང་འཁྲུངས་ངེས། དེའི་ཕྱིར། ཁྱེད་ཅག་གིས་ཐུགས་སྟོབས་དང་ཀུ་ཡངས་ནི་ཅི་འདྲའི་གཏིང་མཐའ་ཡངས་བ་ལ་ཨང་།
རེད་དེ། ཕྱིར་མིག་དང་འཁྲེང་སེམས་ཤ་དང་ཁྲག་གི་གསེང་ལ་ཟུག་ཅིང་དད་འདུན་དང་དུངས་བའི་མིག་ཟུང་ཕྱི་མར་ཡང་སྐྱེས་སྲིད་པའི་སློབ་གླིང་ནས་མཐར་ཕྱིན་རྗེས། ངའི་རྨི་ལམ་མངོན་གྱུར་བྱུང་བ་སྲིད་དམ། མཆེད་ལྕམ་ཚོ། ང་ལ་ཁྱེད་ཅག་ལྟ་བུའི་ཐུགས་བསྐྱེད་མཐའ་ཡངས་ལ་གཏིང་ཟབ་པ་ཅི་ཡང་མེད། རེད་དེ། ང་ལ་འདི་ལས་ཡིད་མགུ་བ་དང་སྙིང་ཉེ་བ་ཡང་མེད། དེའི་ཕྱིར།རང་སེམས་ལ་གཡོ་ཟོལ་གོས་ཀྱིས་མ་བཀླུབས་པའི་ངའི་ཕུགས་བསམ་མཚར་ལ་རིང་བ་འདི་ནི། ཁྱེད་ཀྱིས་འཕྱ་སྨོད་དང་ཟུར་ཟ་བྱེད་སྲིད་དེ། ཡིན་ནའང་། ང་ལ་འདི་ལས་ལྷག་པའི་ཕུགས་བསམ་ཅི་ཡང་མེད། དེ་ནི་འདི་ལྟ་སྟེ། ཆུང་སྐྱེས་སྐྲ་ལོའི་ཉག་མ་དུང་བཞིན་དཀར་ལ་ཞལ་སྒོའི་དུང་སོ་སུམ་བཅུ་སོ་སོར་འཐོར་ཞིང་།
འཇམ་མཉེན་གཞོན་ནུའི་ཞལ་རས་རྒས་གཉེར་གྱིས་བཅོམ་པའི་ཨ་མ་དང་ལྷན་དུ་འཚོ་བ་བསྐྱལ་ཏེ། ངའི་ཚེ་མཇུག་རྫོགས་རྒྱུ་དེ་ཡིན། ཅིའི་ཕྱིར་ཞེ་ན། ངས་བྱིས་དུས་ཀྱི་རྩེ་ར་ནས་སྣབས་དྲུད་དེ་འཁྱག་ངུ་བྱས་ཤིང་ཁ་བ་དང་བུ་ཡུག་གིས་གསེབ་ནས་ངས་སྙིང་རྗེ་མེད་པར་ཨ་མ་ལ་དཀའ་ལས་བཟོས། ཡིན་ནའང་། ཨ་མས་ང་ལ་བརྩེ་བའི་སྤྱན་ཟུང་སྟེར་ལ་འཇམ་པའི་ཤ་དྲོད་གླན། དུངས་བའི་སེམས་ཀྱིས་འཚོས་ཤིང་དགའ་བའི་འོ་ཆུ་སྦྱིན། ང་གཞོན་དུས་སུ་གཞན་ཡུལ་ནས་སློབ་གྲྭར་ཞུགས་ཤིང་གཏམ་ངན་དང་རྣ་སྡུག སེམས་ཚེགས་དང་རྒྱུ་ཚེགས་བགྲང་མེད་པ་ཞིག་ཨ་མའི་ཕྲག་ལ་ཡང་ཡང་བཀལ། ཡིན་ཡང་། ཨ་མས་རང་གི་སྐྲ་དཀར་རྒྱབ་ལ་འཕེན་ཏེ། དབྱར་གསུམ་གདོང་ལ་རྔུལ་ཆུས་སྦས་ཤིང་དཔྱིད་གསུམ་ལག་པར་སེར་ཁ་རྐོས་པའི་རྒྱུ་ནོར་རྣམས་ང་ལ་འཕངས་སེམས་མེད་པར་སྦྱིན། ཡིད་ཆད་དང་འཁང་ར་མེད་པར་སྟེར། དེ་ཙམ་གྱིས་ག་ལ་ཚད་དེ། ཨ་མས་ངའི་ཆེད་དུ་དབུ་ཡི་སྐྲ་ལོ་མྱུར་དུ་དཀར་ལ་གདོང་གི་གཉེར་མ་ཅེ་ཟབ་ལ་སོང་། ལུས་ལ་ན་ཟུག་དང་སེམས་ལ་རྨ་ཁ། སེམས་ཁུར་དང་དྲན་གདུང་སོགས་མདོར་ན་ངའི་འདས་མ་ལྟ་གསུམ་ལ་ཨ་མས་བྱམས་བརྩེས་མ་ཁེབས་ས་གཅིག་ཀྱང་མེད། ཡིན་ན་ཡང་། ཨ་མས་ང་ལ་ལེ་བདའ་དང་འགྱོད་གདུང་མ་བྱས་ལ་ཡིད་ཆད་དང་འཁང་ར་ཡང་མ་བཟོས། ཨ་མ་ནི་དེ་ལས་བཟློག་ཏེ། ཨ་མས་ང་ལ་ངོ་ཨེ་ལོན་དང་སེམས་ཨེ་དགའ་ལྟས་ནས་དཀའ་ལས་རྒྱབ་པ་ཉུང་ཉུང་མིན། ཨ་མ་གཅིག་པུས་ང་ཕར་འགྲོས་སྐྱེལ་མ་བྱས་ཏེ་སེམས་ཁུར་གྱི་སྙིང་གཏམ་མང་པོ་ལྷུག་པོར་བརྗོད་ལ་ང་ཚུར་འོང་གིས་བསུ་མ་བྱས་ཤིང་ཟས་སྣ་སྡེར་ཁ་བསྒྲིགས་ཏེ་ང་ལ་དགའ་དགའ་བྱེད།མཚམས་ལ་ལར་ཨ་མས་སེམས་ཁུར་གྱིས་སྐད་ཆ་རྣམས་དགའ་བའི་འཛུམ་གྱིས་ང་ལ་ཡང་ཡང་གསུང་ཞིང་ལན་རེར་སྡིག་མོས་ཟོལ་གྱིས་ང་ལ་ཞལ་ཏ་བྱེད།
ཨ་ཨ། ཅི་འདྲའི་ཤ་ཚ་བ་ལའང་། ངས་འཇིག་རྟེན་འདིར་མཁོ་དགུའི་ལོངས་སྤྱོད་ཅི་ཡང་མ་ཁྱེར་ཏེ། གཅེར་བུ་ཤའི་སྐྱི་ལྤགས་ནས་བཟུང་ཟར་མའི་མེ་ཏོག་ལྟ་བུའི་མིག་དབང་དང་གྲོ་གའི་འཛེར་བུ་གཅུས་འདྲའི་རྣ་དབང་། ཟངས་ཀྱི་མོ་ཁབ་གཤིབས་འདྲའི་སྣ་དབང་དང་ཟླ་བ་བཀས་པ་ལྟ་བུའི་ལྕེ་དབང་། བྱ་རེག་ན་འཇམ་གྱི་པགས་པ་ལྟ་བུའི་ལུས་དབང་སྟེ། ངའི་སྟེང་ལ་ཕྱོགས་ཀུན་ནས་ཆ་འཛོམས་ལ་སྒོ་ཀུན་ནས་མཐུས་ཚང་བའི་དབང་པོའི་དྭངས་མ་དེ་རྣམས། ཨ་མས་ང་ལ་འཕངས་སེམས་མེད་པར་གནངས། ད་དུང་། ཨ་མས་རང་གི་འཇམ་པའི་ཤ་དྲོད་ལ་གླན་ཞིང་བརྩེ་བའི་སེམས་ཀྱིས་གསོས། ཟས་ཁ་ལ་སྡུད་ཅིང་གོས་ལུས་ལ་བགོས། བྲེལ་བྲེལ་འཚུབ་འཚུབ་ཀྱི་འཚོ་བའི་བར་གསེབ་ནས་ཨ་མའི་མིག་གིས་ང་འཚོ་ཞིང་སེམས་ལ་ང་བཟུང་། ཨ་མའི་དཀའ་ལས་དང་རྐང་ཚེག་གི་བར་ན་ང་ཡོད་ལ་རྨི་ལམ་དང་ཕུགས་བསམ་གྱི་གསེང་ན་ང་ཡོད། ཨ་མས་བཏོན་པའི་མ་ཎི་དང་བསྒྲེང་ཕྲེང་གི་བར་ནའང་ང་རང་ཡོད་ཅིང་། ཨ་མས་ཉལ་ཕྱག་གི་སྨོན་འདུན་འཁྲིས་སུའང་ང་མི་མངོན་པའི་ཚུལ་དུ་གནས། ཆ་རྐྱེན་ཅི་ཡང་མེད་པར་ང་ལ་བྱམས་བརྩེས་ཚེ་གཡོགས་བྱེད་མཁན་ནི་ཨ་མ་ལས་གཞན་སུ་ཞིག་ཡོད་དེ། སྲིད་གསུམ་ཕྱི་ནང་བསྔོག་ཀྱང་མི་སྙེད་ལ་རྒྱལ་ཁམས་ལོ་བརྒྱར་ཉུལ་ཡང་ག་ལ་ལོན།
དེའི་ཕྱིར། བརྩེ་བ་ལ་བརྩེ་བའི་ཨ་ལན་ཅིའི་ཕྱིར་མི་སྟེར་ཏེ། ཨ་མའི་ལྷད་མེད་ཀྱི་མཛའ་བརྩེ་རེ་རེར་གསེར་སྲང་སྟོང་གིས་བཞལ་བར་མི་བཏུབ་མོད། དྲིན་ལ་བུ་ལོན་མཇལ་བའང་ངའི་ཡབ་མེས་ཚོས་ཐུགས་བཞེད་ཅི་ལ་མིན། རེད་དེ།
ཨ་མ། ཁྱེད་ལ་ངས་ཅི་ཞིག་སྟེར་ན་མགུ་ལ་གང་ཞིག་བསྒྲུབ་ན་དགྱེས། ཨ་མ། ཁྱེད་ཀྱི་སྐྲ་དཀར་གྱི་ཉག་མ་རེ་རེས་ངའི་སེམས་སུ་སྨྲ་མི་ཤེས་པའི་འཕངས་སེམས་རེ་དང་བརྗོད་མི་ཐུབ་པའི་ཤ་ཚ་རེའང་སྐྱེས་འོང་། བཅའ་དངོས་ཙག་ཙིག་ཅིག་དང་ལྷན་དུ་ཁྱེད་རང་གཅིག་པུར་གནས་པ་དེས། ང་ནི་སློབ་མཐར་ཕྱིན་པར་བྲེལ་ལ་སློབ་མཚམས་འཇོག་པའི་ཀུན་སློང་ཡང་དྲག་ཏུ་སྐྱེས། དོན་དུ་ཨ་མས་རང་ལ་ཚེ་གང་བོར་གཅེས་སྐྱོང་བྱས་ན་ཡང་རང་གིས་ཨ་མ་ལ་ཇ་ཞིམ་པོ་ཞིག་དང་གོན་པ་དྲོན་མོ་ཞིག་སྟེར་མྱོང་ངམ། ཁ་འཇམ་ཚིག་རྩི་བཟང་པོ་རེ་བྱེད་མྱོང་ངམ། ང་ཚོ་རང་རང་གི་འཚོ་བའི་ཆེད་དུ་ཉིན་མཚན་རིས་མོས་ཀྱིས་འཛད་དེ། རང་གི་ཨ་མ་ཕྱི་རོལ་ལ་ཁེར་རྐྱང་གིས་འཚོ་བའི་གནོན་ཤུགས་སྤྲད་ཨེ་མྱོང་།
སྐྲ་ལོ་དཀར་ལ་དུང་སོ་འཐོར་བའི་ཨ་མ་ལ་བུ་རྒྱུད་མཁོ་ལ་བུ་རྒྱུད་ཀྱི་གཅེས་སྐྱོང་མཁོ། ལང་ཚོ་ཡར་ལ་སེམས་ཤུགས་ཆུང་བའི་ཨ་མར་སེམས་གསོ་མཁོ་ལ་བརྩེ་གཟིགས་ཉག ལོ་ན་རྒས་པའི་ཨ་མར་འདུག་རོགས་མཁོ་ལ་སྐད་ཆ་བཤད་རོགས་ཀྱང་ཤིན་ཏུ་མཁོ། དེའི་ཕྱིར། ང་སློབ་མཐར་ཕྱིན་རྗེས་ཀྱི་ཕུགས་བསམ་དང་རྨི་ལམ། རེ་སྨོན་སོགས་འདི་ག་རང་ཡིན། ཨ་མ། ཁྱོད་ཀྱི་སྐུ་ལུས་བདེ་ཞིང་སེམས་ཁམས་དྭངས་བའི་སྨོན་ལམ་སྙིང་ནས་ཡང་ཡང་ཞུ། ང་ཁྱེད་ཀྱི་སེམས་ན་གཅེས་པར་བཟུང་བའི་པྲ་ཚེག་སྣབས་སྐྱལ་དེ་ཡིན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.