ཁམས་ཟླ་སྲས། དཀར་མཛེས།
ལེགས་བྱས་བསོད་ནམས་ཅི་བསགས་པ། །
འདི་ནས་འབྲས་བུ་མངོན་བྱུང་སྟེ། །
གང་ཐུགས་མཁྱེན་པའི་རྒྱ་མཚོ་ལས། །
ཆོས་ཟབ་གནད་ཀྱི་གདམས་པ་རག །
ཀུན་བཟང་སྤྱོད་པའི་ས་ལམ་ལས། །
ཕྱོགས་ཙམ་གཟུར་དུ་མ་བྱུང་བའི། །
འཇིགས་མེད་བསྟན་པའི་རྒྱལ་མཚན་ལ། །
ཁྱེད་འདྲ་ནོར་བུ་ལས་ཀྱང་ལྷག །
ཆོས་ཆར་དངོས་གྲུབ་རིན་པོ་ཆེ། །
སྐལ་ལྡན་བུ་ལ་རབ་གནང་སྟེ། །
མཐའ་ཀླས་འགྲོ་བའི་མི་རྣམས་ཀྱི། །
དད་པའི་མཐོངས་སུ་ཡུན་རྩེན་མཛོད། །
ཡིད་འོང་དབེན་པའི་སྐྱིབས་རོལ་ནས། །
ཡོན་ཏན་བླ་མེད་མཛོད་གཅིག་པུ། །
གང་ཉིད་དུས་སུ་བལྟམས་པ་དེ། །
འཁོར་ཚོགས་ཡོངས་ཀྱི་བསོད་ནམས་ངེས། །
གཞན་ཕན་ལྷག་བསམ་གངས་རི་ལས། །
དཀར་བ་ཐུབ་དབང་ཉི་མ་ཡི། །
མཛད་པའི་ཆེ་བར་གྱུར་བ་དེ། །
སུ་ཞིག་གང་གིས་མི་མཐོང་ངམ། །
སྙིགས་མ་དུས་ཀྱི་ཁུག་སོ་འདིར། །
རང་ཕན་ཁོ་ནའི་ལས་བྱེད་པའི། །
གཡོ་ཅན་མཁན་སྤྲུལ་མིང་ཅན་པ། །
བགྲང་ཡས་ཁྱེད་ཉིད་དེ་འདའ་འོ། །
གཞན་དོན་ཁོ་ནར་དོན་གཉེར་བའི། །
སྐྱེས་བུ་མཆོག་ཏུ་གྱུར་པ་གང་། །
བླ་མེད་གསང་བའི་ལུགས་ལྟར་ན། །
ཀུན་ནས་འཕགས་པའི་སྟོན་པ་ཉིད། །
འདི་ན་སློབ་མའི་ཚོགས་དག་གི། །
མི་ཕྱེད་དད་པའི་ཀློང་ཡངས་སུ། །
མཉམ་མེད་ཤཱཀྱ་མཆོག་ཉིད་དང་། །
དབྱེར་མེད་བཞུགས་མཛད་མགོན་པོ་ཁྱེད། །
བདག་ནི་ཁྱེད་ཀྱི་དགའ་ཚལ་དེར། །
ཡང་ནས་རྩེན་པའི་གཡུ་སྦྲང་ཞིག །
ཟད་མི་ཤེས་པའི་ཐུགས་ཀློང་ནས། །
འདི་ཕྱི་གང་ནས་མ་གཏོང་ཀྱེ། །
དུས་སུ་སྨིན་པའི་ལས་འཕྲོ་དེ། །
འཇའ་ཚོན་ལྟར་དུ་མ་ལགས་པར། །
ཡུན་དུ་སྐལ་བཟང་བྱུང་བ་ལ། །
ཞེ་སེམས་གཏིང་ནས་སྨོན་ལམ་འདེབས། །
སྐུ་ཚེ་ཡུན་དུ་རབ་བརྟན་ཅིང་། །
མཛད་འཕྲིན་ཕྱོགས་སུ་ཡང་ཁྱབ་པའི། །
བུ་སློབ་རྟག་ཏུ་སྲུང་བ་དང་། །
ཆོས་ཀྱི་གདམས་ངག་མང་བསྩལ་གསོལ། ། །།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.