ཆབ་མདོ། འོད་འཛིན་མ།
འཁོར་བའི་རི་འདབས་ཤིག་ནས་བརྩེ་སེམས་སྙོར་བའི།།
མཐིང་སྨུག་སྦྲ་ཆུང་ཞིག་གི་ཐབ་ཚང་བསྲུངས་ཏེ།།
གདོང་ལ་ཚི་དྲེག་ཆགས་པའི་འབྲོག་མོ་དེ་དག།
ཡིད་ཀྱི་མེ་ལོང་ངོས་ནས་ཡལ་ཐབས་མི་འདུག།
ཞོགས་འཁྱག་ཉི་རྩེས་མ་གོས་ཆུ་ཟིལ་བ་མོ།།
བྱིས་པ་བསམ་མེད་འགའ་ཡང་ངུ་སྐད་འབྱིན་དུས།།
སེན་རྩར་གས་སྲུབ་ཤོར་བའི་བུད་མེད་གང་དེའི།།
སྙིང་གི་འཕར་ལྡིང་སེམས་ཚེགས་ཁྲོད་ན་ལྷག་ཡོད།།
ལྕི་འདམ་ལྷགས་རླུང་ཁྲོད་ཀྱི་གོམ་སྒྲ་རེ་རེ།།
དགོང་ཞོགས་འཆར་ནུབ་བར་གྱི་བཞོ་སྒྲ་རེ་རེ།།
གོ་ཁྱམས་དྲོད་ཁོལ་སྦྱིན་པའི་བྱམས་ལྡན་མི་མོ།།
གཉོམ་ཆུང་གཞོན་ཤ་དོད་པའི་ངོ་དེ་བགྲེས་སོང་།།
དུང་སེམས་དར་སྐུད་མི་ཕོ་གཅིག་ལ་འཐེན་ཏེ།།
རེ་དོགས་མིག་ཟུང་སྐྱིད་སྡུག་ཁྲོད་ན་ལྷུང་སྟེ།།
ཉེ་བའི་མི་དག་བརྩེ་བའི་ལག་པས་གཉོར་ཏེ།།
ལང་ཚོའི་འདབ་མ་ག་ལེ་ག་ལེར་རྙིད་སོང་།།
ལོ་ཟླའི་ཆུ་བོ་རྒྱུག་ཚད་ཤིན་ཏུ་མགྱོགས་པ།།
ལུས་སེམས་དར་ལྕོག་ངལ་གསོ་ཐེངས་གཅིག་མི་ཁོམ།།
འཁོར་བའི་ཕུན་ཚོགས་ཆར་རྗེས་འཇའ་ཚོན་དཀར་དམར།།
ཞལ་རས་འཛུམ་གྱིས་གང་སྟེ་ཉིན་འདེད་མཚན་འདེད།།
བྱ་བའི་མགོ་རྔ་བཟའ་ཚང་ཁ་མཐུན་གྲོས་མཐུན།།
ཡུལ་མི་སྡེ་བའི་ནང་ཡང་མི་མཐུན་མེད་པ།།
སྐྱོ་ཡང་ངོ་གདོང་མི་འགྱུར་བཟོད་པའི་ཕ་ལམ།།
རྒྱུས་མེད་ཡུལ་ལུང་རེ་རེའི་མིག་དཔེར་ཆཊ་འདུག།
རྟ་ནོར་ལུག་ཁྱུའི་ལྷན་དུ་འཚོ་བ་རོལ་དོན།།
ཚེ་རབས་ལས་ཀྱིས་བསྐོས་པའི་ལས་སྐལ་ཨི་རེད།།
ཕལ་ཆེར་རྒྱ་གྲོང་ཉུལ་བའི་ཚོད་དུ་སླེབ་ཀྱང་།།
ཁོང་ཅག་ད་དུང་གནའ་བོའི་མཚེར་ཤུལ་ལྷག་འདུག།
གོང་གི་ཕ་མ་བཀུར་ཤེས་མནའ་མའི་ཚུགས་བཟུང་།།
བར་གྱི་སྙིང་སྡུག་ཁྱོ་གར་ཆུང་མའི་རྟེན་བྱས།།
འོག་གི་བྱིས་པའི་སེམས་རྟེན་ཨ་མའི་འགན་ཁུར།།
འདང་ཆེན་ཨ་ཅག་ཕྱོགས་མེད་ནམ་མཁའ་འདྲ་ལེ།།
རེ་བའི་སེམས་རྩ་མ་གཉོམ་བརྩེ་བའི་ལྷ་མོ།།
གཡང་གི་འབྲི་མོ་མ་བཙོང་རི་སྒང་མེ་ཏོག།
མདུན་སྐྱོད་གོམ་ཆུང་མ་ལྷོད་ཚེ་ཡི་སྲུང་མ།།
གདུང་འདེགས་ཀ་བ་ལྟ་བུ་ཁྱེད་ཚོ་ཡིན་རེད།།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.