བདག་གི་སྙིང་བོ་ལགས།

ཀླད་བཀོལ། བོད་ལྗོངས།

སྡོང་ལོ་ཟགས་སོང་གྲང་བས་གཙེས་སོང་ཟེར། །
དགུན་ལ་འཁང་ར་བྱེད་དེ་ཆིག་ལབ་བརྒྱབ། །
ང་ནི་ཁྱེད་ཀྱིས་རྒྱང་དུ་སྤྱུགས་ཟིན་པས། །
དགུན་ཟླ་ཚེས་པར་བླ་ལྷག་སྐྱོ་རྒྱུ་མེད། །

བྱ་བརྒྱ་འཕུར་སོང་སྦྲང་མ་མེད་སོང་ཟེར། །
སྐྱོ་བའི་མཆུ་མ་ཡང་དུ་ཁོག་ཏུ་མིད། །
སྙིང་བོ་ཁྱེད་དང་བྲལ་བའི་ལོ་ཟླའི་གསེབ། །
བདག་ལ་ལྷག་ཏུ་སྐྱོ་བ་གང་ཡང་མེད། །

དུང་བརྗོད་ཚིག་ལ་དྲངས་པའི་དུས་དག་ཏུ། །
ཁྱེད་ཀྱི་མཛེས་སྡུག་ཀུན་པོར་འཆར་ཡན་བྱས། །
གློ་རྡེག་ནང་སེམས་ཧྲིལ་པོ་སྟོང་པར་ལུས། །
སྐྱོ་བའི་གཞས་ཆུང་གན་ལ་ཞེ་མ་ཁྲེལ། །

སེམས་མེད་སྟོན་ཁའི་ཟླ་བའི་འཛུམ་ཁ་ལས། །
སྙིང་བོའི་མཛེས་སྡུག་རེ་རེ་ཤར་འདུག་སེམས། །
དེ་ལྟར་དྲན་པའི་ཡུན་ཐུང་ཐུན་རེ་ལ། །
ཐོལ་བྱུང་སྐྱོ་བའི་སེམས་པ་བསྟུན་མར་བྱུང་། །

ཉོན་མོངས་སྡུག་གིས་སྦགས་པའི་སེམས་པ་ཀུན། །
འགོག་མེད་ཟང་ཟིང་ཡོ་ལང་ཕྱོགས་སུ་གཡོ། །
མཛེས་པ་སྟོང་གིས་སྤྲས་པའི་སྙིང་བོ་ཞིག །
སྒོམ་ན་སེམས་ཀྱིས་ཐེག་པ་ཡིན་ཏེ་མིན། །

ཉ་རྫོགས་ཟླ་བ་འཛུམ་པའི་གུར་ཁྱིམ་དུ། །
ཁེར་རྐྱང་སྨྲེང་བའི་ཤུགས་གླུ་དབྱངས་ལ་བརྒྱུས། །
མཁར་ཉལ་ཨུ་མའི་མཛེས་པ་ལེགས་འཕྲོག་པའི། །
བདག་གི་སྙིང་བོ་ཞེན་པའི་ཁུད་དུ་གཅུད། །

ཡུན་རིང་མིག་ལ་ཐོགས་པའི་གར་མཁན་མས། །
བལྟས་ན་མཐོང་ཚོད་མིན་པའི་གནས་ཤིག་ཏུ། །
དགའ་སྐྱོ་ཟློས་གར་འཁྲབ་པའི་སྣང་བརྙན་འགའ། །
རྣམ་རྟོག་རྒོད་པོ་འདི་ཡི་གཟེབ་ཏུ་ཚུད། །

འཇིག་རྟེན་འཐུས་ཚང་འདི་ཡི་གྲུ་ཟུར་ན། །
སྙིང་བོའི་བྱད་བཞིན་པདྨ་བཞད་ནས་བཟུང་། །
སེམས་ཀྱི་བུང་བ་གཉོམ་ཆུང་གང་བྱུང་དུ། །
འཁྲེང་བའི་གཤོག་ཟུང་སྦྲེལ་ཏེ་འཕུར་སོང་སྐད། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།