སྐར་མ་རྀ་ཥྀ།

བོད་མེ་བྱ་ལོའི་ཟླ་བདུན་པའི་ཚེས་བཅོ་བརྒྱད་དང་སྤྱི་ཟླ་དགུ་པའི་ཚེས་དགུ་ཉིན་གྱི་ཐོ་རེངས་ལ་སྐར་མ་རྀ་ཥྀ་འཆར། དེ་ཡང་སྐར་མ་རྀ་ཥྀའམ་ཡོངས་གྲགས་སྐར་མ་རི་འདོར་ཞེས་པ་ནི། རྩིས་གཞུང་ལས་ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་སྐར་ཁྱིམ་ཞིག་ཡིན་པར་གསུངས་པ་དང་། འདི་ཉིད་དུས་རགས་པར་སྟོན་ཟླ་འབྲིང་པོ་མོན་གྲུ་ཟླ་བའི་ཞག་བདུན་རིང་ཡན་ལག་བརྒྱད་ལྡན་གྱི་ཆར་བབས་པའི་དུས་སུ་འཆར་བས། འདིའི་ནུས་པས་རྩྭ་ཆུ་ཐམས་ཅད་སྨན་དང་བདུད་རྩིར་འགྱུར་ཏེ། སྐབས་འདིར་ཆུ་ལ་ཞུགས་ན་མི་གཙང་བའི་གྲིབ་དང་། འབག་བཙོག་དང་། ནད་ཡམས་སོགས་ཀུན་སེལ་ཏེ་ལུས་ཁམས་བདེ་ཐང་ལ་ཕན་པ་ཆེན་པོ་ལྡན་པ་ཞིག་ཡིན།
དེ་ཡང་སྔ་མོའི་བཤད་སྲོལ་ལ་དུས་འདིའི་རིང་ནམ་མཁའི་ལྷ་མོ་རིགས་བདུན་སོགས་ས་སྟེང་ཆུ་ལ་ཞུགས་པས་དེའི་བྱིན་རླབས་དབང་གིས་ཆུ་ཐམས་ཅད་བདུད་རྩི་དང་སྨན་དུ་འགྱུར་བའི་སྐོར་སོགས་མཆིས་ཀྱང་། དོན་དུ་འགྲེལ་པ་བྱ་བའི་ཐབས་སམ་རྣམ་པ་མི་འདྲ་བ་ཙམ་ལས་སྐར་མ་རྀ་ཥྀ་འཆར་བའི་ཞག་བདུན་གྱི་བོད་ཀྱི་ཆབ་ཞུགས་དུས་ཆེན་དང་དེའི་ཕན་ཡོན་དག་ནི་ཚན་རིག་དང་མཐུན་པ་འབའ་ཞིག་ཡིན་ཏེ། སྤྱི་ལ་དུས་ཀྱི་དབང་དུ་བྱས་ན་སྟོན་ཆུ་བཟང་ཞིང་དཔྱིད་ཆུ་ངན་པར་བཤད་པ་ཁུངས་བཙུན་པའི་གཞུང་ཁག་ཏུ་སྒྲུབ་བྱེད་དང་བཅས་པ་གསལ་བར་གསུངས་པ་དང་། སྒོས་སུ་སྟོན་ཟླ་འབྲིང་པོའམ་སྐར་མ་རྀ་ཥྀ་འཆར་བའི་དུས་སུ་ནི་ཆུ་དྭངས་ཤིང་ཚ་གྲང་སྙོམས་པ་གང་ཞིག་ལུས་ལ་འཕྲོད་ཅིང་ཕན་ཆེ་བ་སོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ།


གསོ་དཔྱད་ཡན་ལག་བརྒྱད་པ་ལས། ཉི་མའི་འོད་ཀྱིས་གདུངས་པ་དང་། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རྀ་ཥྀ་ཤར་བས་དུག་མེད་པ། །ཉིན་མཚན་གཉིས་ཀར་སྦྱང་ཆུ་བཏུང་། །ཞེས་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ལས། དུས་ཀྱི་ཡན་ལག་བརྒྱད་ལྡན་ཞེས་བྱ་བ། །རགས་པར་ཧོར་ཟླ་བརྒྱད་པར་འཆར་དེ་ཡང་། །ཟླ་བ་བཤོལ་ཤུལ་སྔ་མ་བཤོལ་སྔོན་ཕྱི། །ཟླ་བ་ལ་བརྟག་དེ་ཡང་གྲུབ་མཐའི་ཉིའི། །སྐར་བུག་དབྱུག་ལ་འབྱུང་མཚོ་མཁའ་སྲང་མེ། །ཤར་ཚེ་དྲང་སྲོང་རི་ཥྀ་འཆར་བ་ཡིན། །ཐོག་མའི་ཉིན་ནས་ཞག་བདུན་དག་གི་རིང་། །ཆུ་རྣམས་ཡན་ལག་བརྒྱད་ལྡན་བདུད་རྩི་དང་། །རྩ་ཀུན་སྨན་དང་སྨན་ཀུན་བདུད་རྩིར་འགྱུར། །འདི་དུས་སྨན་བཏུ་སྦྱོར་སོགས་མཆོག་ཏུ་བསྔགས། །ཞེས་དང་།དུང་དཀར་རིན་པོ་ཆེས། སྐར་མ་རྀ་ཥྀའི་འོད་ཀྱིས་རྩྭ་ཆུ་ཇེ་བཟང་དུ་འགྱུར་བའི་བཤད་ཚུལ་དེ་ནི་རྩིས་གཞུང་དག་ལས་དྲང་སྲོང་རྀ་ཥྀ་ཞེས་ཞེས་ཟེར། འདི་ཉིན་མོར་ཟླ་བ་དྲུག་གི་རིང་གླིང་འདིའི་ཐད་ཀར་གནས། གླིང་འདིར་ཐོག་མར་འཆར་དུས་ཐོ་རངས་དུས་སུ་ལྷོ་སྟོད་ཕྱོགས་ནས་མཐོང་བ་འདི་ཉིད་ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་སྐར་ཁྱིམ་ཡིན་སྟབས་དེའི་འོད་ཆུ་ལ་ཕོག་པས་ཞག་བདུན་གྱི་བར་དུ་ཆུ་བོ་ཐམས་ཅད་ཡན་ལ་བརྒྱད་ལྡན་དུ་འགྱུར་བས། དེའི་ཚེ་ཁྲུས་ལ་ཞུགས་ན་གྲིབ་དང་འབག་བཙོག་ཐམས་ཅད་དག་པར་གསུངས། འདི་སྔོན་གྱི་དྲང་སྲོང་རྣམས་ཀྱི་སྨོན་ལམ་གྱི་སྟོབས་ཡང་ཡིན་ཞེས་ཟེར་རོ། །ཞེས་སོགས་གསུངས་པ་ལྟར་རོ། དེང་དུས་ཡོངས་གྲགས་སུ་སྐར་མ་རྀ་ཥྀ་འཆར་བའི་ཞག་བདུན་རིང་ལ་བོད་ཀྱི་ཆབ་ཞུགས་དུས་ཆེན་ཞེས་ཟེར་ཞིང་། རྒྱ་ཆེའི་བོད་རིགས་མི་དམངས་རྣམས་དུས་འདིའི་རིང་གཙང་འགྲམ་སོགས་ལ་བསྐྱོད་དེ་ཕོ་མོ་རྒན་གཞོན་མེད་པར་ཆུ་ལ་ཞུགས་ནས་ཁྲུས་དང་གཙང་སྦྲ་བྱེད་པའི་ལུགས་སྲོལ་ཤུགས་ཆེན་ཞིག་དར་ཡོད་དོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*