༧ སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་ལོན་ཌིན་གཙུག་ལག་ཁང་ནས་ཕྱག་ཁྱེར་གནང་བའི་སྐབས་དུ་བསྩལ་བའི་གསུང་བཤད།

དབྱིན་ཇི་རྒྱལ་ས་ལོན་ཌོན་ན་ཡོད་པའི་འཛམ་གླིང་ཤར་ཕྱོགས་དང་ཨ་ཕི་རི་ཀའི་གཙུག་ལག་སློབ་ཆེན་ནས། ༧སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་ཆེ་བསྟོད་གཟེངས་རྟགས་ཕྱག་ཁྱེར་བཞེས་སྐབས་སུ་སྩལ་བའི་གསུང་བཤད།

ང་ལ་གཟེངས་རྟགས་ལག་ཁྱེར་ཐོབ་དུས་ཕྱོགས་གཅིག་ནས་ཡིད་མ་ཆེས་པ་ལྟ་བུ་ཞིག་བྱུང་སོང་། སྤྱིར་བཏང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་འདོད་ཀྱི་བསམ་མནོ་རྒྱུན་དུ་ཡོད་མཁན་ཞིག་ཡིན་ནའང་། སྤྱི་ཚོགས་ལ་ད་བར་འདི་རེད་ཅེས་པའི་ཞབས་ཕྱི་ཞུ་ཐུབ་པ་གང་ཡང་བྱུང་ཡོད་མ་རེད། ཡིན་ནའང་(SOAS) འཛམ་གླིང་ཤར་ཕྱོགས་དང་ཨ་ཧྥི་རི་ཀའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞེས་པ་འདི་ཡིས། ང་ལ་ཆེ་མཐོང་གི་གཟེངས་རྟགས་ལག་ཁྱེར་སྩལ་རྒྱུའི་དགོངས་པ་བཞེས་པ་ཙམ་ལའང་། གུས་འདུད་དང་བཅས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། ང་ལ་ལག་ཁྱེར་འདི་གནང་བ་ལ་བརྟེན་ནས་གཞན་དག་མང་པོ་ཞིག་ལའང་། མ་འོངས་པར་སྤྱི་ཚོགས་ལ་ཞབས་ཞུ་དང་། རོགས་རམ་བྱེད་རྒྱུའི་སེམས་ཤུགས་བསྐྱེད་ཡོད་པའི་རེ་བ་ཡོད།

ང་ནི་སྲོལ་རྒྱུན་ཤུགས་ཆེན་པོ་ཡོད་སའི་ཁོར་ཡུག་ཅིག་གི་ནང་དུ་འཚར་ལོངས་བྱུང་བ་ཞིག་ཡིན་པར་བརྟེན། དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོང་བ་དང་། གཙུག་ལག་སློབ་གྲྭ་ཆེན་མོ་འདིར་འཛུལ་ཞུགས་བྱས་པ་ནི། རང་གི་མི་ཚེའི་ནང་གི་གལ་གནད་ཆེ་བའི་ལེའུ་ཞིག་ཆགས་བསྡད་ཡོད། ང་སློབ་གྲྭ་འདིར་ཡོད་སྐབས་ཤེས་བརྩོན་བཟང་གསུམ་ལྡན་པའི་སློབ་ཕྲུག་ཅིག་མིན་ནའང་། རྒྱལ་ས་ལོན་ཌོན་དང་། ཁྱད་པར་དུ་གཙུག་ལག་སློབ་གྲྭ་ཆེན་མོ་འདིས་ང་ལ་ཕྱོགས་མང་པོར་ལྟ་བའི་མིག་འདྲ་ཡིན་ན་སྒོ་ཕྱེས་སོང་།

དཔེར་མཚོན་ཙམ་ཞིག་ཞུས་ན། འཛམ་གླིང་ཤར་ཕྱོགས་ (Oriental) ཞེས་པའི་ཐ་སྙད་འདི་མཚམས་མཚམས་ལ་ཤར་ཕྱོགས་ནས་ཐོན་པའི་གྲུམ་ཙེའི་གདན་ལའང་འཇུག་གི་ཡོད་རེད། དེ་ཙམ་ཞིག་མ་ཡིན་པར་དེ་ལས་བརྒལ་བའི་གནད་དོན་མ་འདྲ་བ་མང་པོ་ཞིག་ལའང་ཚིག་འདི་བེད་སྤྱོད་གཏོང་གི་ཡོད་རེད། དཔེར་ན་འཛམ་གླིང་ཤར་ཕྱོགས་ (Oriental) ཞེས་པའི་ཐ་སྙད་འདི་སྐབས་སྐབས་ལ། གླིང་གཞན་པ་ཞིག་ནས་ཐོན་པའི་དངོས་རྫས་ལྟ་བུ་དམིགས་བསལ་བ་ཞིག་ལ་འཇུག་གི་ཡོད་པ་དང་། ཡང་སྐབས་མཚམས་སུ་ཉམ་ཆུང་ནུས་མེད། ཐུབ་ཚོད་གཏོང་ཆོག་ཆོག་གི་མི་རིགས་དང་འབྲེལ་བ་ཡོད་པ་ལ་བེད་སྤྱོད་གཏོང་གི་ཡོད་རེད། ཡང་ (The West) འཛམ་གླིང་ནུབ་ཕྱོགས་ཟེར་དུས། གཙོ་བོ་ནུབ་ཕྱོགས་པ་ལ་ལྟོས་ནས་རིགས་པའི་རྗེས་སུ་འབྲང་མཁན། སྟོབས་ཤུགས་ཆེན་པོ་ཡོད་མཁན། གང་ཐད་ནས་ཡོན་ཏན་དང་འཇོན་ཐང་ཡོད་པ་ཞིག་ཏུ་ཆ་འཇོག་བྱེད་ཀྱི་ཡོད་རེད།

གཅིག་བྱས་ན་འདི་ང་རང་སྒེར་གྱི་བསམ་མནོ་གཏོང་སྟངས་ཡིན་སྲིད་ཀྱི་རེད་དེ། གང་ལྟར་ངས་བསམ་ན་ང་ཚོ་འཛམ་གླིང་ཤར་ཕྱོགས་པ་ཚོས་ཀྱང་། ནུབ་ཕྱོགས་པའི་ལྟ་ཚུལ་འདི་ཆ་ཚང་དང་དུ་བླངས་ཤིང་། ནུབ་ཕྱོགས་པའི་བསམ་མནོ་གཏོང་སྟངས་དང་། ནུབ་ཕྱོགས་པས་འཛམ་གླིང་ལ་འཇུག་ལྡོག་བྱེད་སྟངས་དེ་ག་ནང་བཞིན་ཞིག་ཡོང་ཐུབ་པའི་འབད་བརྩོན་བྱེད་པ་དང་། ཤར་ཕྱོགས་པ་རང་གི་ལུགས་སྲོལ་དེ་ཚོ་ཞི་དྲག་གཉིས་ཆར་གྱི་སྒོ་ནས་སྣང་མེད་བཏང་བ་ནང་བཞིན་ཞིག་ཡོད་རེད། འོན་ཀྱང་ནུབ་ཕྱོགས་པས་ཤར་ཕྱོགས་པ་ལ་ཚུར་ལྟ་དུས། ཤར་ཕྱོགས་པས་ནུབ་ཕྱོགས་པ་ལ་ལྟ་ཚུལ་ནང་བཞིན་ཆགས་ཡོད་མ་རེད་བསམ་གྱི་འདུག

རྒྱུ་མཚན་དེ་ལྟར་ཡིན་དུས་གལ་ཏེ་ནུབ་ཕྱོགས་པའི་མིག་གམ། ནུབ་ཕྱོགས་པའི་ལྟ་ཚུལ་གྱིས་བལྟས་ནའང་། འཛམ་གླིང་ཤར་ཕྱོགས་དང་། ཨ་ཧྥི་རི་ཀའི་ལོ་རྒྱུས། ལུགས་སྲོལ། ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས་ཀྱི་གནད་དོན་ངོ་མ་དེ་གང་ཡིན་ངོས་ཟིན་པའི་ཐབས་ཤེས་དང་འབད་བརྩོན་གནང་ཞིང་། དེའང་དབང་ཤུགས་ཅན་གྱི་ངོ་ལ་ལྟོས་ནས་མ་ཡིན་པ། ཁ་ཞེ་གཉིས་མེད་ཀྱི་རྩི་མཐོང་ཡོད་པའི་སྒོ་ནས་དང་། གལ་ཏེ་རྩི་མཐོང་སྤྲད་མ་ཐུབ་ནའང་དམའ་འབེབས་དང་མཐོང་ཆུང་མེད་པའི་སྒོ་ནས་གནང་བའི་རེ་བ་ཡོད། གལ་ཏེ་ཐབས་ཤེས་དེ་ལྟར་གནང་ན། ནུབ་ཕྱོགས་ཀྱི་གཙུག་ལག་གི་ཤེས་ཡོན་ཅན་དག་གིས་གལ་གནད་ཆེན་པོར་འཛིན་པའི་དངོས་ཡོད་གནས་ལུགས་དང་མཐུན་པའི་རིག་པ་(Objectivity) ཞེས་པ་དེ། ཁ་ཙམ་ཞིག་མ་ཡིན་པར་ཁ་ཡོད་ལག་ཡོད་དུ་ཆགས་སྲིད།

ཆེ་མཐོང་གཟེངས་རྟགས་ལག་ཁྱེར་འདི་ཉིད་ཀྱང་འགན་འཁྲི་ཞིག་དང་མཉམ་དུ་ཐོབ་ཀྱི་ཡོད་པ་ངས་ཧ་གོ་ཡོད། དེས་ན་ཆེ་མཐོང་གཟེངས་རྟགས་གསར་དུ་ཐོབ་པའི་རོགས་པ་གཞན་པ་ཚོ་ནང་བཞིན། ངས་ཀྱང་རང་གི་མི་ཚེ་གཞན་གྱི་དཀའ་སྡུག་གི་གནས་སྟངས་ངོ་མ་གང་ཡིན་ཤེས་པར་བྱེད་མཁན་གསོ་སྐྱོང་བྱེད་པའི་ཐོག་ཏུ་གཏོང་གི་ཡིན་ལ། དེ་ནི་ཆེ་མཐོང་ཅན་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་འདིའི་རྩ་བའི་དགོས་དོན་ནམ། དམིགས་ཡུལ་གྱི་མཐིལ་ལྟ་བུ་དེ་ཡིན་པའི་ཆ་འཇོག་བྱེད་ཀྱི་ཡོད།
༼རིན་པོ་ཆེའི་གསུང་བཤད་འདི་མཁན་ཆེན་ཆོས་དབྱིངས་རྡོ་རྗེ་ནས་དབྱིན་སྐད་ནས་བསྒྱུར་བ་ཞིག་ཡིན།༽

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*