མི་འཇིགས་སེང་གེའི་ང་རོ།

༄༅། །ཡོངས་རྫོགས་བསྟན་པའི་མངའ་བདག་༸སྐྱབས་རྗེ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དཔལ་བཟང་པོ་མཆོག་དགུང་གྲངས་དོན་བརྒྱད་སོང་བའི་ཉིན་མོར་བཀྲ་ཤིས་པའི་སྨོན་ཚིག་མི་འཇིགས་སེང་གེའི་ང་རོ་ཞེས་བྱ་བ།


སྙིགས་མའི་དུས་སུ་བཞུགས་པ་དམ་པའི་ཏོག །
མཚན་མཆོག་གསུམ་གྱི་བདག་ཉིད་ལྷག་པའི་ལྷ། །
ཟབ་རྒྱས་ཆོས་ཀྱི་དབྱིངས་ལ་རྣམ་རྟོག་གྲོལ། །
འདྲེན་མཆོག་ངག་དབང་དཔལ་འབར་ཁྱེད་ལ་གུས། །

སྐུ་ལ་མཚན་དཔེའི་གཟི་འོད་མངོན་ཞིང་བརྗིད། །
གསུང་ནི་འགག་མེད་ལམ་ནས་དབྱངས་ཀྱིས་ཕྱུག །
ཐུགས་རྗེ་ཟག་མེད་ཚོགས་ལ་དབང་འབྱོར་བ། །
ཡོན་ཏན་ལུས་རྫོགས་མངའ་བ་ཁྱེད་ལ་འདུད། །

དཔལ་ལྡན་དྲི་མ་མེད་པའི་ལུས་སྟོབས་ཅན། །
གཙང་ལ་ལུང་རྟོགས་ཟུང་གི་བསྟན་པ་སྤེལ། །
འདོད་པའི་ཆོས་ཆར་འཇོ་བའི་ལྷ་མཆོག་དེ། །
སྤྲོས་མེད་རྒྱན་པའི་སྐུ་ནི་རབ་ཏུ་འགྱིང་། །

ངག་རིག་སྐྱོན་གྱི་དྲི་མ་སངས་ཤིང་སྙན། །
སྙན་པའི་གྲགས་པ་ཀུན་ཁྱབ་མངོན་དུ་འཕགས། །
འཕགས་པའི་སྐྱེས་བུ་ཁྱེད་ཀྱི་ང་རོ་ཚོགས། །
འགག་མེད་ཡན་ལག་དྲུག་བཅུའི་གསུང་རང་ཡིན། །

ཞི་བའི་ཉམས་རྟོགས་རི་མོ་ཕྱི་ནང་གསལ། །
བརྩེ་ཆེན་སྤྲིན་པའི་བདག་ཉིད་མཁའ་རུ་རྒྱུད། །
བདེ་བའི་ཆར་ཆེན་འབབ་པ་དམ་པའི་དྲིན། །
རྣམ་གྲོལ་ལམ་གྱི་མྱུ་གུ་ཐུགས་ལ་འཁྲུངས། །

མི་ཤེས་སྡིག་དང་དྲི་མའི་འབག་བཙོག་ཀུན། །
སྟོང་པའི་རང་གཟུགས་ཉིད་དུ་འཆར་བ་ལ། །
ཀུན་རྫོབ་དོན་དམ་གཉིས་མེད་སྣང་བ་འདིས། །
མགོན་ཁྱེད་འགྲན་ཟླ་བྲལ་བ་རྟགས་སུ་མངོན། །

འཆད་པ་དབྱངས་ཀྱི་འགྲོས་ནི་འཆད་ལ་གོམས། །
འཆད་པའི་མེ་ཏོག་གཏོར་ནས་འཆད་པར་རྒྱན། །
འཆད་ནི་ཀུན་ལས་རྒྱལ་བའི་འཆད་པ་ཞིག །
འཆད་པ་སུས་ཀྱང་འགྲན་ཟླའི་གནས་མ་མཆིས། །

རྩོད་ནས་ཕ་རོལ་རྒོལ་བ་མི་སྨྲར་བཀོད། །
རྩོད་པའི་རིག་ལམ་སྲང་ནས་ངན་ཚོགས་སྒྲོལ། །
རྩོད་དུས་ཀླད་པ་འགེམས་པའི་རྒོལ་བ་དེར། །
རྩོད་པས་གཡུལ་ལས་རྒྱལ་བ་ཁྱེད་ལ་འདུད། །

རྩོམ་ལ་བྱང་དུ་ཆུབ་པ་དབྱངས་ཅན་ལྷ། །
རྩོམ་ནས་མཁས་པའི་ཡིད་དབང་རབ་ཏུ་འཕྲོག །
རྩོམ་པ་སྐྱོན་གྱིས་མ་གོས་སྙན་འཇེབས་ལྡན། །
རྩོམ་པའི་གནས་ལས་རྒྱལ་བ་ཁྱེད་ལས་སུ། །

རྒྱ་ཆེན་གཞུང་ལུགས་ཀུན་ལ་ཐུགས་ཡངས་པ། །
རྣམ་དག་བརྩེ་བའི་རླབས་ཕྲེང་ཕྱོགས་རིས་བྲལ། །
སྨྲ་བ་མཁས་པའི་ཁྱུ་ལས་འཕགས་པ་གང་། །
དགེ་ལེགས་རྟག་ཏུ་སྩོལ་བའི་མགོན་ཁྱེད་རྒྱལ། །

འགྲོ་བའི་མགོན་པོ་ཁྱེད་ཉིད་ཉི་ཟླའི་ཟེར། །
སྟོན་དང་བསྟན་པའི་མུན་པ་བསལ་བ་མཛད། །
མ་རིག་ལས་ཀྱི་ཆགས་པའི་གང་ཟག་ཀུན། །
རྣམ་གྲོལ་ལམ་ལ་འགོད་པ་ཁྱེད་ཉིད་རྒྱལ། །

བསྟན་ལ་བྱི་དོར་མཛད་པ་མཁས་པ་ཞིག །
མཁས་པའི་གྲལ་ལ་འཕགས་པའི་དམ་པ་ཞིག །
དམ་པའི་ཚུལ་དགུ་ལྡན་པའི་སྐྱེས་ཆེན་ཞིག །
སྐྱེས་དང་སྦྱོང་པའི་ཤེས་རབ་བརྟན་ཞིང་བརླིང་། །

ཡོན་ཏན་ལུས་སྟོབས་རྒྱས་ནས་ལྷག་པའི་ལྷ། །
མཁྱེན་བརྩེ་ནུས་པའི་ལང་ཚོ་རབ་མཛེས་ཤིང་། །
བཟང་པོ་ཁུར་གྱིས་རྒྱན་པའི་མགོན་པོ་ཁྱེད། །
མི་འགྱུར་རྟག་ཅིང་བརྟན་པ་བཞུགས་སུ་གསོལ། །

ཟབ་རྒྱས་ཆོས་ཀྱི་ངང་ཚུལ་ལེགས་པར་འབྱོར། །
མཁས་བཙུན་བཟང་པོའི་ཉི་ཟླ་རླབས་ལྟར་གཡོ། །
འདྲེན་པ་མཆོག་གི་གོ་འཕང་བརྙེས་གྱུར་པའི། །
དཔལ་ལྡན་བླ་མ་སྐལ་བརྒྱར་བཞུགས་སུ་གསོལ། །

ཡིད་འོང་ལེགས་ཚོགས་སྨིན་པ་མཛེས་ཤིང་ཡག །
ཐོས་བསམ་སྒོམ་པའི་ལེགས་བྱས་མཐའ་བྲལ་བ། །
ངོ་མཚར་མཆོད་པའི་ཕྲེང་བ་བསྟར་ནས་བརྒྱུས། །
ངག་ལ་རང་དབང་འབྱོར་བའི་དཔལ་འབར་ཡོད། །

རབ་མཛེས་མཁྱེན་པ་ཡངས་པོར་སྐྱོན་དང་བྲལ། །
རབ་དཀར་བརྩེ་བའི་མདངས་ལ་དྲི་མ་སངས། །
རབ་འབྱམས་ནུས་སྟོབས་མངའ་བ་དམ་པ་ཁྱེད། །
རབ་བརྟན་གཡུང་དྲུང་གུར་ལ་གཏན་དུ་བཞུགས། །

ལེགས་ཚོགས་འདུན་པའི་མེ་ཏོག་གངས་ལ་གཏོར། །
ལེགས་གསུང་ངག་རིག་སྙན་མོས་ཆོས་དབྱངས་ལེན། །
ལེགས་བྱས་བསྟན་འགྲོའི་དོན་དུ་བཞུགས་མཛད་པ། །
ལེགས་ལེགས་ཕྱུག་པའི་མགོན་ཁྱེད་ཞབས་བརྟན་ཤོག །

ཅེས་ངེས་དོན་གྱི་ལྷག་པའི་ལྷ་མཆོག་མཚན་མཆོག་གསུམ་གྱི་བདག་ཉིད་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་སྐུ་ཡི་དཀྱིལ་འཁོར་གདུལ་བྱའི་ཁམས་སུ་བཀོད་ནས་མི་ལོ་དོན་བརྒྱད་ལ་སོང་བའི་འཁྲུངས་སྐར་གྱི་ཉིན་མོར་གླང་སྣ་དགོན་གྱི་གྲལ་མཐའ་ཟིན་པ་ཤཱཀྱའི་དགེ་ཚུལ་ཕུན་ཚོགས་བཀྲ་ཤིས་སམ་ཁྲག་གདོང་ཞེས་འབོད་པ་དེས་མགོན་པོ་གོང་ཉིད་སྐུ་ཚེ་མི་ཤིགས་པའི་རྡོ་རྗེའི་ཚུལ་ལྟར་སྲ་བའི་སྨོན་འདུན་དང་བཅས་ཏེ་རང་སྤྱིལ་ཆོས་ཀྱི་བང་མཛོད་ནས་བྲིས་པ་འདིས་སྨོན་ལམ་དེ་དེ་བཞིན་དུ་འགྲུབ་ནས་བསྟན་འགྲོའི་དོན་དུ་ཡུན་ནས་ཡུན་དུ་བཞུགས་པའི་རྒྱུ་གྱུར་ཅིག་གུ །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*