འཁོར་བའི་མི།

གྱིན་འདའ་བ། ཡུལ་ཤུལ།

འཁོར་བའི་བྱེ་ཐང་ཡངས་པོའི་པང་གཞོངས་ནས།།
ངལ་དུབ་རྔུལ་ཆུ་བྱོ་བཞིན་གང་ནས་ཡོང་།།
ལྷིང་འཇགས་བསིལ་བའི་གནས་མལ་མ་རྙེད་ན།།
རེ་ཐག་སེམས་མདུན་ཆད་དེ་གང་དུ་འགྲོ།།

ལན་ཆགས་མི་ཡུལ་གྲོང་གི་ཧྲག་དབར་ནས།།
སེམས་ཚེགས་ཁྲེས་པོ་ཐོགས་བཞིན་གང་ནས་ཡོང་།།
ཡིད་ཀྱི་བསྟི་གནས་འགོལ་པོ་མ་ཡོད་ན།།
ཁོག་གི་ཨ་ཐང་འཆོལ་བཞིན་གང་དུ་འགྲོ།།

སྣ་ཚོགས་སྒྲུན་རྩོད་རྒོད་པའི་འདུ་ལྷོང་ནས།།
ཆགས་སྡང་རུམ་གང་བསྣམས་ཏེ་གང་ནས་ཡོང་།།
སེམས་ཀྱི་མཐིལ་ལ་ལྷོད་ཅིག་མ་ཡོད་ན།།
ཉོན་མོངས་མེ་ལྕེ་འབར་བཞིན་གང་དུ་འགྲོ།།

མི་འདོད་ལས་ཀྱིས་སྦྲུམ་པའི་གྲུ་ཁ་ནས།།
འཆེལ་བ་སེམས་སུ་གཅུད་དེ་གང་ནས་ཡོང་།།
སྐྱོ་ཤེས་རླུང་བུ་ཨེན་ཙམ་མ་ལྡང་ན།།
ནོངས་པ་ཁོག་ལ་བརྩེགས་བཞིན་གང་དུ་འགྲོ།།

འཇིག་རྟེན་ཡ་མ་བརླ་ཡི་གྲུ་ཟུར་ནས།།
ལོ་འདོད་རེམ་པོར་བྱས་ཏེ་གང་ནས་ཡོང་།།
རྣམ་དཀར་འབྲས་ཀྱི་ས་བོན་མ་བཏབ་ན།།
ནང་སེམས་རྙིད་པ་དང་བཅས་གང་དུ་འགྲོ།།

ཀུན་ཀྱང་བྲེལ་ཟིང་རྒོད་པའི་མི་ཡུལ་ནས།།
ཉོན་མོངས་ཧབ་ཐོབ་རྔམ་བཞིན་གང་ནས་ཡོང་།།
མི་རྟག་གཤིས་ཀྱི་ངོ་ཏི་མ་རྟོགས་ན།།
དངན་པའི་ཤུགས་རིང་འཐེན་བཞིན་གང་དུ་འགྲོ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*