ཚོར་བས་སྒྲུག་པའི་མགུར།

གྱིན་འདའ་བ། ཁྲི་འདུ།

ལྷ་སར་ནད་ཀྱིས་བཟུང་ཞིང་།།
ཕོ་བྲང་སེམས་གཅོང་མནར་དུས།།
སྐྱིད་ཆུའི་སྤྱན་ཆབ་མ་གཏོགས།།
མྱ་ངན་མཐོང་མི་མི་འདུག།

ཁ་སང་རེ་བའི་མིག་གིས།།
ལྷ་སའི་ཁུ་བྱུག་སྒུག་ཡོད།།
དེ་རིང་དབུས་གཙང་ཕྱོགས་ནས།།
ཁྭ་ཏས་ཐན་སྐད་ཁྱེར་སོང་།།

ཕོ་བྲང་སྨྲེང་ནས་བཤུམ་ཞིང་།།
སྐྱིད་ཆུ་སྐྱོ་ནས་བཞུད་ཀྱང་།།
སྐྱིད་ཤོད་འོ་ཐང་གཞུང་ལ།།
སྤྲིན་ནག་དཀྲིགས་དོན་གང་རེད།།

སྟོན་ཟླ་ཚེས་པ་སྔ་བས།།
སེར་བའི་རྗེས་ཀྱི་སྐྱིན་ཐང་།།
དབུས་ལ་འབབ་པ་མང་བ།།
ལྷ་སར་བརྙས་པ་ཨེ་རེད།།

བར་སྐོར་སྟོངས་བ་ལུས་པ།།
སེམས་ཀྱིས་བཏང་བ་མ་རེད།།
ཏོག་གསར་ནད་འབུ་དེ་གས།།
སྨན་ཁང་གསར་བར་ཁྲིད་ཤག།

ནད་ཀྱི་འབྲུག་ཆེན་གྲགས་པས།།
ལྷ་སའི་ལྷིང་འཇགས་དཀྲོགས་སོང་།།
སྒྲོམ་ཚོམ་ནང་གི་ནད་པ།།
སྙིང་རླུང་སྟོད་ལ་འཚངས་འདུག།

རྩམ་པར་ཟས་འདང་མེད་པས།།
ཨ་ཅག་དེ་ལ་བྱིན་ཤག།
སྒྲོམ་ཚོམ་ནང་དུ་སླེབས་དུས།།
རྩམ་པའི་རིན་ཐང་རྟོགས་ཤག།

མུ་གེའི་སྟེང་གི་ཟླ་ལྷག།
ལྷ་སའི་གླིང་ལ་ཚེས་པས།།
སེམས་གཅོང་སྡུག་གི་ཁུས་མོས།།
མཛའ་གླིང་དྲ་བར་བསྐངས་འདུག།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*