བླ་བསྟོད་སུམ་ཅུ་པ།

མཐའ་ཡས་འགྲོ་བ་ཀུན་ལ་ཐུགས་བརྩེ་བས། །
བགྲང་ཡས་སངས་རྒྱས་ཀུན་ཀྱི་སྤྱན་སྔ་ནས། །
དཔག་ཡས་དམ་བཅའི་ཁུར་ཆེན་ཕྲག་བླངས་པའི། །
བསམ་ཡས་ཡོན་ཏན་ཀུན་ཀྱི་གཏེར་ལ་འདུད། །

གྲུབ་པའི་ཁྱུ་མཆོག་ཁྱོད་མཚན་དབྱར་སྐྱེས་རྔ། །
ཐོས་པ་རབ་དགས་མྱོས་པའི་རྨ་བྱའི་ཚོགས། །
དད་པའི་མིག་ཆུ་ཡང་ཡང་འཁྲུག་པ་ཡིས། །
མཆོད་པའི་ཟློས་གར་འཇོ་སྒེག་ངོམ་ལ་བྲེལ། །

ཕྱོགས་བཅུའི་རྒྱལ་བའི་མཁྱེན་རབ་མ་ལུས་པ། །
གཅིག་ཏུ་བསྡུས་པ་ངག་གི་དབང་ཕྱུག་ནི། །
ངུར་སྨྲིག་རྒྱན་དུ་འཆང་བའི་རྣམ་རོལ་བ། །
གསང་སྔགས་བསྟན་འཛིན་ཁྱོད་ལ་བསྟོད་པ་བགྱི། །

ཐུབ་པས་ངལ་བ་བརྒྱ་ཕྲག་དུ་མ་ཡིས། །
བསྐྲུན་པའི་མདོ་སྔགས་གཞུང་ལུགས་ཡིད་བཞིན་ནོར། །
སྲིད་པའི་རྩེ་མོར་རྒྱལ་མཚན་ལྟར་བསྒྲེངས་པའི། །
ཁྱོད་ཀྱིས་ཐུགས་སྟོབས་རྡོ་རྗེའི་གོ་ཆ་བཞེས། །

འདུལ་བ་མཁན་པོས་སྔགས་ལ་རྒོལ་བ་བྱེད། །
སྔགས་པ་རྒན་པོས་འདུལ་བའི་ལྟ་སྤྱོད་སྤངས། །
འོན་ཀྱང་རྒྱལ་བསྟན་མཐའ་དག་འགལ་མེད་དུ། །
རྫོགས་པར་ཉམས་སུ་ལེན་མཁན་ཁྱོད་ལ་དད། །

མཐའ་བྲལ་ཐུགས་ཀྱི་ལྷ་ལམ་དྭངས་མོའི་མཁར། །
ལེགས་ཚོགས་ཀུན་འདུས་གསེར་གྱི་སྙིང་པོའི་སྤྲིན། །
ཆེས་ཆེར་འཁྲིགས་པ་ཕན་བདེ་འབྱུང་བའི་ཆར། །
མ་ལུས་འགྲོ་བའི་སླད་དུ་ཡང་ཡང་བཀྲམ། །

སྲིད་དང་ཞི་བར་རྒྱན་པའི་འཕགས་པ་ཁྱོད། །
ལྷན་སྐྱེས་བྱང་ཆུབ་སེམས་མཆོག་ཡོངས་མངལ་བས། །
བྱིས་དུས་རྩེད་མོའང་ཆོས་དང་མ་འདས་པས། །
ཀུན་ཀྱིས་བསྔགས་པའི་རོལ་མོ་ཁྱོད་ལ་དཀྲོལ། །

མཚོ་སྐྱེས་རྒྱལ་བའི་ཐུགས་བསྐྱེད་དུས་སུ་སྨིན། །
མ་བོས་གར་ནག་སྣོད་ལྡན་སློབ་མ་ལ། །
སྔ་ཕྱི་གཏེར་ཆོས་ཡོངས་ཀྱི་དབང་ལུང་བསྩལ། །
ཁྱོད་ནི་རྒྱལ་དབང་པདྨའི་ཐུགས་སྲས་ཉིད། །

བློ་གྲོས་རིན་ཆེན་ཤེལ་དཀར་བུམ་བཟང་གིས། །
གྲུབ་དབང་བླ་མའི་མན་ངག་ག་བུར་གྱི། །
ཐིགས་པ་བཟུང་བ་ཁྱོད་ཐུགས་ལ་རེག་པས། །
འགྲོ་ཀུན་གདུང་བའི་གཡང་ནས་སྐྱོབ་པར་མཛད། །

ཁྱོད་ནི་གྲུབ་དབང་བླ་མའི་རྒྱལ་ཚབ་གསོལ། །
བདུད་སྡེ་ཀླ་ཀློའི་དམག་དཔུང་སྙིང་རྩ་འདར། །
ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཆེ། །
སྲིད་པའི་གངས་རི་མཐོན་པོའི་དབུ་རྩེར་བསྒྲེངས། །

ཐུབ་པའི་བསྟན་ལ་མིག་འབྲས་བཞིན་དུ་གཅེས། །
རིས་མེད་འགྲོ་ལ་བརྩེ་བའི་སྤྱན་ཆབ་གཏོར། །
གཞན་གྱི་ཆེད་དུ་སྲོག་ཀྱང་འདོར་ཕོད་པས། །
རྒྱ་བོད་མཁས་གྲུབ་ཡོངས་ཀྱིས་བསྟོད་པའི་གནས། །

ལས་ཅན་བསྐལ་ལྡན་སློབ་མ་བརྒྱ་ཕྱག་ལ། །
གཏེར་གསར་གཏེར་མཛོད་དབང་ལུང་མན་ངག་བསྩལ། །
དེ་ཕྱིར་ཁྱོད་ནི་སྔ་འགྱུར་རྙིང་མ་པའི། །
འཇིགས་མེད་རྒྱལ་བསྟན་སྲོག་གི་ཀ་བ་བཞིན། །

ཀུན་ལ་བརྩེ་ཞིང་རྟག་ཏུ་དམན་ས་འཛིན། །
ཉིན་མཚན་བར་མེད་གཞན་དོན་ཁོ་ནར་བྲེལ། །
མཚན་སྙན་ཞིག་གིས་ཆོག་པར་མི་འཛིན་པས། །
ཁྱོད་ནི་གངས་རིའི་སྤྲུལ་སྐུའི་མིག་དཔེར་བདམས། །

གངས་རིའི་ཉི་མ་ཁྱོད་ཀྱི་ཕྲིན་ལས་ཀྱིས། །
ཟླུམ་གཟུགས་གོ་ལའི་ཕ་རོལ་བརྒལ་བ་ཡི། །
བློ་གྲོས་མཚུངས་མེད་ཁྱོད་ཀྱི་ཡོན་ཏན་ལ། །
སྙིགས་མའི་སེམས་ཅན་མཐའ་དག་དགའ་བར་གྱུར། །

ཉི་ཟླ་སྟོང་ཕྲག་དུས་གཅིག་ཤར་ན་ཡང་། །
རྨོངས་པའི་མུན་པ་སེལ་བ་མི་ནུས་ཏེ། །
ཁྱོད་ཀྱི་ཐུགས་རྗེའི་སྤྱན་རས་འོད་སྟོང་གིས། །
སྲིད་པའི་མུན་པ་ཡོངས་སུ་བཅོམ་པར་བྱས། །

ཁམས་གསུམ་དམག་དཔུང་གཅིག་ཏུ་བསྡུས་པ་ཡིས། །
ཉོན་མོངས་དགྲ་སྡེ་འཇོམས་པར་མི་ནུས་ཀྱང། །
ཁྱོད་ཀྱི་སྙིང་སྟོབས་རལ་གྲི་རྣོན་པོ་ཡིས། །
སྐད་ཅིག་གཅིག་ལ་ཐལ་བར་བཞིན་དུ་བརླགས། །

ཟླུམ་གཟུགས་གོ་ལའི་ལྟོ་བར་ཁྱོད་ཀྱི་ནི། །
ཡོན་ཏན་ཕུང་པོའི་མངལ་ཁུར་གྱིས་ལྕི་བས། །
མི་ཆོགས་སྐར་མའི་གྲངས་ཀྱི་གོ་ལ་ཡིས། །
ཁྱོད་ཀྱི་ཡོན་ཏན་བྱེ་བ་ཁུར་བར་བརྩམས། །

སྲིད་གསུམ་སྐད་ཅིག་གཅིག་གིས་འཕྲོག་ན་ཡང་། །
ཐུབ་པའི་གཞུང་ལུགས་ཟབ་དོན་སྙིང་པོའི་བཅུད། །
སྨྲ་བར་འཇིགས་མེད་སེང་གེའི་ང་རོ་ཡིས། །
སྐྱོབ་པར་ངེས་པའི་འཇིག་རྟེན་མགོན་པོ་མཆོག །

ཁྱོད་སྐུ་སྐྱོན་སྤང་སྟོན་མཚན་ཟླ་བའི་མདངས། །
མཚན་དཔེའི་གཟི་འོད་རབ་འབར་ལྟ་ན་སྡུག །
ལན་གཅིག་མཐོང་བས་ངན་འགྲོ་ལས་སྐྱོབ་ཕྱིར། །
འཇིག་རྟེན་ཡོངས་ཀྱིས་སྔགས་པའི་རོལ་མོ་འཁྲོལ། །

མཐོང་བའི་མོད་ལ་སྙིང་གི་གདུང་བ་ཀུན། །
སེལ་ཞིང་དགའ་བ་སྦྱིན་པའི་དམ་པ་དེ། །
ཁ་བས་རེག་པ་ལྟ་བུ་བསིལ་ན་ཡང་། །
མི་བཟོད་བདུད་ཀྱི་སྡེ་རྣམས་ལྷག་པར་སྲེག །

ཐེག་མཆོག་ཆོས་ཀྱི་ཟབ་གནད་རྫོགས་པ་ཆེའི། །
ལོག་རྟོག་དྲི་མས་མ་བསླད་ཡང་དག་ལམ། །
དུས་འདིར་སྟོན་པས་དཀྱིལ་འཁོར་བདག་པོས་ཀྱང་། །
རྒྱལ་བ་ཁྱོད་ལ་བསྔགས་པའི་གྲུ་ཆར་བསྙིལ། །

བསིལ་ལྡན་ཁ་བའི་མཁའ་དབྱིངས་ཡངས་པོ་རུ། །
ཁྱོད་སྐུ་སྐྱོན་བྲལ་རི་བོང་འཛིན་པའི་མདངས། །
ལན་གཅིག་ཚེས་པས་དགེ་བའི་འོད་ཟེར་གྱིས། །
གངས་རིའི་མུ་ཁྱུད་ཡོངས་སུ་གསལ་བར་བྱས། །

གྲུབ་དབང་བླ་མའི་བཤད་དང་སྒྲུབ་པའི་བསྟན། །
རྣམ་གྲོལ་འཇུག་ངོགས་མཚུངས་མེད་ཡང་དག་ལམ། །
འཛིན་པར་ནན་ཏན་བརྩོན་འགྲུས་ལྕགས་ཀྱི་རྟ། །
ཉིན་མཚན་བར་མེད་ཆིབས་ལ་ཁྱོད་མི་ངལ། །

ཨེ་མ་མདོ་སྨད་ཁྲོཾ་ལྗོངས་དག་པའི་ཞིང་། །
གཟུགས་བཟང་སྙིང་རྗེའི་བདག་ཉིད་འཁྲུངས་པའི་སྐུ། །
མ་བོས་སློབ་ཚོགས་གྲངས་མེད་འདོད་འཇོས་སྐྱོང་། །
ཁྱོད་ལ་བསྟོད་དོ་འགྲོ་མགོན་ཉི་མའི་གཉེན། །

བསླབ་ཁྲིམས་གཙང་མའི་མདངས་ལྡན་མཁས་གྲུབ་ཀྱི། །
མཐས་ཡས་འདུལ་འཛིན་རྒྱུ་སྐར་བྱེ་བའི་དབུས། །
ཚུལ་ཁྲིམས་དག་པའི་དགེ་སློང་དམ་པ་ཁྱེད། །
རབ་ཏུ་གསལ་བ་བཅོ་ལྔའི་དུང་ཟླ་བཞིན། །

ཉམ་ཐག་འགྲོ་བའི་དོན་དུ་སྲིད་ཞི་གཉིས། །
ལེགས་པར་སྐྱོང་མཛད་ཟས་གཙང་སྲས་པོ་ཡི། །
གྲུབ་མཐའི་ཆོས་ལ་ཕྱོགས་རིས་མི་འཛིན་པའི། །
གསང་སྔགས་བསྟན་འཛིན་ཐུབ་པའི་རྒྱལ་ཚབ་ཉིད། །

ཕ་མཐའ་འཇལ་དུ་མེད་པའི་མཁའ་དབྱིངས་ཀྱི། །
ཡང་ཡང་བྱི་དོར་བྱས་པའི་མུན་པའི་དགྲ། །
དྲི་བྲལ་ཆུ་ཤེལ་ཡོངས་ཀྱི་དཔྱིད་བསྡུས་གཟུགས། །
རིགས་དྲུག་འགྲོ་བའི་མ་མ་ཁྱེད་ཉིད་རྒྱལ། །

དམ་ཆོས་སྤྱོད་པའི་སྤྲིན་བྲལ་བསྐལ་བཟང་དབྱིངས། །
སྣ་ཚོགས་སྒྱུ་འཕྲུལ་སྤྲིན་པས་ཡོངས་སྟོང་ཞིང་། །
རྒྱལ་བ་ཁྱོད་ནི་ངལ་མེད་གཞན་དོན་དུ། །
རྫུ་འཕྲུལ་བྱེ་བས་སྲིད་གསུམ་རྟག་ཏུ་སྐྱོང་། །

སྲིད་ཞི་མཛེས་པར་བྱེད་པའི་སེམས་པ་གང་། །
གང་གི་མཚན་ཙམ་ཐོས་པས་ཉམ་ཐག་ང་། །
ད་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །
དགེ་ལེགས་འབུམ་གྱི་དངོས་གྲུབ་སྩལ་ཏུ་གསོལ། །

ཆགས་དང་སྡང་བས་ཁེངས་པའི་བྱིས་པ་བདག །
ཚེ་རབས་ཐུབ་པའི་གཞུང་ལ་རབ་འདྲིས་ཤིང་། །
བཀའ་དྲིན་སུན་ལྡན་དཔལ་ལྡན་བླ་མ་དང། །
སངས་རྒྱས་ཐོབ་ཀྱང་མི་འབྲལ་འགྲོག་པར་ཤོག །

ཅེས་པ་འདི་ནི་བོད་རྒྱལ་ལོ། ༢༡༤༨ ༡༢ ༡༢ཉིན་རང་གིས་རྗེ་ཉིད་ལ་ཕུལ་བའི་བསྟོད་རྩོམ་ཞིག་ནས་ལོ་ཀ་༣༠བླངས་ཏེ་བཀོད་པ་ཡིན་ནོ།།

ནར་སོན་པའི་བུ་མོ་དེར་སྨྲས་པ།

གོ་ཁྲབ་ཉི་མ། འཇོ་མདའ།

མཛེས་སྡུག་འབུམ་གྱིས་ཕྱུག་པའི་ཕ་ཡུལ་གྱི། །
རྟ་ནོར་ལུག་གསུམ་ལྷན་དུ་ཁྱོད་རང་ནི། ། །
ཡིད་འཕྲོག་རྒྱ་སེ་མེ་ཏོག་ཚུལ་དུ་བཞད། །
ངས་ནི་སྤྲིན་པའི་དོན་དུ་ཤར་ནུབ་བརྒྱུད། །
ང་ནི་ཆར་ཆུའི་ཚུལ་དུ་ཡང་ཡང་བབས། །
ང་ནི་ཉི་ཟླའི་ཚབ་ཏུ་ཤར་བར་བརྩམས། །

བརྩེ་སེམས་གཤོག་པ་ཐོགས་པའི་རི་སྐྱེས་ང་། །
ཆར་ཆུའི་ཁྲོད་ནས་གཤོག་པ་རབ་ཏུ་བརླན། །
ཉི་འོད་ཀློང་ནས་ངོ་གདོང་བརྙིད་པ་སོགས། །
ཇི་ཙམ་ངལ་ཡང་འཇིགས་མེད་ཆོད་སེམས་ཀྱིས། །
ཡང་ཡང་བསྐོར་ནས་འཕུར་བ་བརྗེད་སོང་ངམ། །
འཕུར་བཞིན་སྙན་ཚིག་བཏོན་པ་བརྗེད་སོང་ངམ། །

ལོ་འདབ་རླུང་གིས་ཁྱེར་བ་ནང་བཞིན་དུ། །
ཁྱོད་རང་བདག་གི་གམ་ནས་བོར་བའི་ཚེ། །
ང་ཡི་འཇིག་རྟེན་མུན་པ་ཉིད་དུ་གྱུར། །
རྨི་ལམ་ནང་གི་ཞིང་ཁམས་མག་མོག་ཀྱང་། །
འཁྲུལ་བ་ཡིན་པར་དོན་གྱིས་རབ་ཏུ་གསལ། །
གདུང་བ་ལྕི་མོའི་མདོག་ཀྱང་རབ་ཏུ་གསལ། །

ཁ་ལོ་བོར་བའི་དུས་ཚོད་སྨྱོན་པ་དེས། །
སྐྲ་ཡི་ལན་བུ་རེ་རེ་བཞིན་དུ་ཁྱེར། །
འོན་ཏེ་སྐྲ་དཀར་ཉག་གཅིག་བསྡད་པ་ཡང་། །
དྲི་མེད་ཁ་དར་ཞིག་གི་ཚབ་ཏུ་འཐེན ། །
དེས་ནི་ང་ཡི་དུང་བ་མཚོན་རྒྱུ་བྱོས། །
ད་དུང་ཁྱོད་དགའ་བ་མཚོན་རྒྱུ་བྱོས། །

ལོ་ཟླ་ཆུ་མོ་ལྷུང་ལྷུང་བཞུར་བའི་རྗེས། །
སྐྱིད་སྡུག་དབྱར་དགུན་ཚོན་ཁ་འགྱུར་བའི་ཤུལ། །
མི་ཚེ་སྒང་ཁའི་དར་ལྕོག་ཟད་པོ་དེ། །
གཡུག་གཡུག་བྱས་པ་འདི་ལ་འགྲེལ་བ་ན། །
ཁྱོད་རང་ཁོ་ནའི་ཆེད་དུ་རྫོགས་སོང་ལ། །
ཁྱོད་རང་ཁོ་ནའི་དོན་དུ་འཇིག་སོང་ངོ་། །

འཁོར་བའི་འཕགས་མ།

གོ་ཁྲབ་ཉི་མ། འཇོ་མདའ།

ཁྱོད་སྐུ་མེ་ཏོག་པདྨར། །
འདབ་མ་རྒྱས་པ་ཞིག་འབྲི། །
ཟེའུ་འབྲུ་སྨིན་པ་ཞིག་འབྲི། །
གཡུ་སྦྲང་འཁོར་བ་ཞིག་འབྲི། །
ཁྱོད་གསུང་དབྱངས་ཅན་ཕྱག་གི། །
རྒྱུད་དྲུག་འབྲུག་མགོ་ཅིག་འབྲི། །
སོར་མོས་བརྡུང་བ་ཞིག་འབྲི། །
རྣ་དབང་འཕྲོག་པ་ཞིག་འབྲི། །
ཁྱོད་ཐུགས་འོ་མའི་རྒྱ་མཚོ། །
ཕ་མཐའ་ཡས་པ་ཞིག་འབྲི། །
བརྩེ་བའི་རླབས་ཕྲེང་ཞིག་འབྲི། །
རླུང་གིས་གཡོ་བ་ཞིག་འབྲི། །
ཁྱོད་ཞལ་དུང་གི་ཟླ་བར། །
གོར་གོར་འཛུམ་པ་ཞིག་འབྲི། །
འཛུམ་གྱིས་ཕྱུག་པ་ཞིག་འབྲི། །
འོད་ཀྱིས་གོང་བ་ཞིག་འབྲི། །
ཁྱོད་ནི་དབྱངས་ཅན་ལྷ་མོ། །
མཛེས་ཤིང་སྡུག་པ་ཞིག་འབྲི། །
དུས་གསུམ་གཟིགས་པ་མོ་འབྲི། །
བརྩེ་བའི་དབུ་ཁྱུད་ཅིག་འབྲི། །

དགྱེས་ན་བྲི་ཆོག་ཁྱོད་རང་དགྱེས་པར་མཛོད། །
མ་ངེས་ཚོན་གྱིས་ཁྱོད་རང་གཅིག་པུ་བྲི། །
ཟླ་བ་བཞིན་དུ་ཁྱོད་རང་གཅིག་པུ་བྲི། །
པདྨ་བཞིན་དུ་ཁྱོད་རང་གཅིག་པུ་བྲི། །
རྨ་བྱ་བཞིན་དུ་ཁྱོད་རང་གཅིག་པུ་བྲི། །
འཇའ་ཚོན་བཞིན་དུ་ཁྱོད་རང་གཅིག་པུ་བྲི། །

ཟླ་བ་མ་ཡིན་ཟླ་བ་ལས་ཀྱང་འཕགས། །
ཟླ་བ་མཛེས་ཀྱང་ཤེས་མེད་བེམ་པོ་ཙམ། །
པདྨ་མ་ཡིན་པདྨ་མ་ལས་ཀྱང་ལྷག །
པདྨ་འཇམ་ཡང་སྙིང་གཏམ་ཚིག་གིས་སྟོང་། །
རྨ་བྱ་མ་ཡིན་རྨ་བྱས་འགྲན་མི་ཟླ། །
རྨ་བྱ་བཞིན་དུ་ཕྲག་དོག་ཁྱོད་ལ་བྲལ། །
འཇའ་ཚོན་མ་ཡིན་འཇའ་ཚོན་ལས་ཀྱང་ཡག །
འཇའ་བཞིན་བཅར་ན་རིང་དུ་འགྲོ་བ་མིན། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*