ཁྱོད་ནི་ཟླ་བའི་ཞལ་རས།

 རེ་སྨྱུག

ཡིད་མཁའི་བར་ཐག་མུ་མཐའ་མེད་ན་ཡང་།།
ལས་དབང་འཛུམ་པའི་རྣམ་འགྱུར་ཟུར་མིག་གཡོ།།
ཟེགས་མའི་མཐའ་ན་ལུས་པའི་བྱེའུ་ཆུང་དེ།།
ལྷོད་ཡངས་རྒྱུ་བའི་བདེ་བ་ཁྱེད་ཀྱིས་སྩོལ།།

རྩྭ་ཐང་ཡངས་པོའི་ས་སྲོད་གྱེས་ཕྱག་ལ།།
ཡིད་ཀྱི་འཁྲི་ཤིང་བརྩེགས་པའི་ཟླ་བ་འཛུམ།།
ལོ་ཟླའི་བ་གམ་སེམས་ཀྱིས་དོང་ཙེ་བརྩིགས།།
གཞོན་ནུ་མ་དེས་ཟླ་བར་སྤྲུལ་ནས་བྱུང་།།

སེམས་ཀྱི་བར་ཐག་ངང་སྒུག་ཡུལ་བྱས་ནས།།
ཕྱི་མིག་མཐའ་ན་ཁྱོད་ཉིད་འཁོར་བ་ནས།།
དྲན་པའི་ཀློང་ན་ཁོལ་བའི་ན་ཟུག་དེ།།
དུས་སྟོན་ཟླ་བའི་ཞལ་རས་ཁོ་ནར་འཛུམ།།

རྟོག་བཏགས་མྱོས་པའི་གར་གྱི་སྒྱུ་འཕྲུལ་ལ།།
དུང་ཞེན་འབར་བའི་མགྲིན་པ་སྟོང་བར་གྱུར།།
ཡིད་མཁའི་མཐའ་ནས་ཟིམ་པའི་གཞོན་ནུ་དེའི།།
རྨི་ལམ་རབ་རིབ་མག་མོག་སྟོད་རླུང་འཚང་།།

བརྩེ་བས་མྱོས་པའི་ཁེར་རྐྱང་ལམ་ཕྲན་དུ།།
རླུང་བུའི་དྲིལ་ཆུང་རྣ་བའི་རྒྱན་དུ་འཁྲོལ།།
ཁྱོད་ཀྱི་སྒྱུ་མའི་གཟུགས་སུ་བྱས་བྱེད་ཀྱི།།
ཁྱོད་ཀྱི་ལང་ཚོ་བདག་གི་སེམས་ལ་ལྷུང་།།

མ་བཅོས་ཚོར་བའི་ཁམས་ལ་ཉམས་ཕབ་པའི།།
སེམས་ཀྱི་མེ་ལོང་ཟླ་བའི་དབྱིབས་ལ་བཅོས།།
ཁྱེད་ཀྱི་རྒྱབ་གཟུགས་མཐོང་བའི་མེ་ལོང་འདི།།
ནམ་ཞིག་རྒྱན་དུ་འོས་པའི་མུ་ཏིག་ལགས།།

ཁྱེད་ལ་སྨོན་པའི་ཉི་ཟླའི་གཟི་བྱིན་དེ།།
བསྐལ་བའི་བར་གྱི་རྨིམ་ལམ་གྱུར་ནས་སུ།།
སྙེག་པའི་ལམ་ཐག་ཟླ་བའི་ཞལ་རས་དེ།།
མི་འབྲལ་མངོན་པའི་རྒྱན་དུ་འགྱུར་བར་ཤོག།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*