སྒོམ་ལ་ཕན་ཡོན་རྒྱ་ཆེན་པོ་ལྡན་པ་ཚན་རིག་གིས་ར་སྤྲོད་བྱས་འདུག

གཅིག མིའི་ལུས་སེམས་བདེ་ཐང་ཕྱོགས་ཀྱི་ཕན་ཡོན།
ཨ་རི་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་སྒོམ་གྱི་ཚན་རིག་ཞིབ་འཇུག་དར་བ་དང་བསྟུན། སྒོམ་ལ་སྙིང་ནད་དང་ (1)ཡིད་མུག་པའི་ནད། སྐྲན་ནད། ཨེ་ཛིའི་ནད། གཉིད་མི་ཁུག་པའི་ནད་སོགས་ནད་རིགས་ཚབས་ཆེན་སྔོན་འགོག་དང་བཅོས་པའི་བྱེད་ནུས་ལྡན་པ་མ་ཟད། མིའི་ནད་རིགས་འགོག་སྲུང་མ་ལག་གི་སྟོབས་ཇེ་ཆེར་བསྒྱུར་བའི་ནུས་པའང་ལྡན་པ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་སྙིང་རྗེའི་སྒོམ་དང་མིའི་ཚེ་རིང་ཐུང་བར་འབྲེལ་བ་ལྡན་པ་ཚན་རིག་ཞིབ་འཇུག་འབྲས་བུས་ར་སྤྲོད་བྱུང་བའི་སྐོར་གཤམ་ལ་དཔེ་འགའ་བཀོད་ན། (2) “༢༠༠༩ལོའི་ནོ་པེར་གསོ་རིག་བྱ་དགའ་ཐོབ་མཁན་ཁཱ་ལེ་ཧྥོ་ནེ་ཡའི(California)སན་ཧྥན་སེ་སི་ཁོ་(San Francisco)སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཨེ་ལེ་ཧྲ་པེ་པུའུ་ལེ་ཁེ་པུན(ElizabethH.Blackburn)གྱིས་བོད་བརྒྱུད་ནང་བསྟན་གྱི་སྙིང་རྗེའི་སྒོམ་ལ་ཡིད་མུག་པའི་ནད་སོགས་སྙིང་ནད་རིགས་བཅོས་པར་ཕན་ནུས་ཁྱད་པར་བ་ལྡན་པའི་དགོངས་ཚུལ་བཏོན་ཞིང་། ཁོང་གིས་རྡུལ་སྡུད་ལྷན་འགུལ་རྟོགས་འཕྲུལ(MRI核磁共振)སོགས་གསོ་རིག་ཞིབ་འཇུག་ཆེད་སྤྱོད་འཕྲུལ་ཆས་སྤྱད་དེ་སྙིང་རྗེ་སྒོམ་པའི་བོད་ཀྱི་སྒོམ་ཆེན་པ་འགའ་དང་དྲན་པ་ཉེར་འཇོག་སྒོམ་པའི་མི་འགའི་བར་བསྡུར་བའི་ཚུལ་གྱིས་ཀླད་པ་དང་སྙིང་། དེ་བཞིན་ཁྲག་གི་གྲུབ་ཆ་སོགས་ལ་བརྟག་དཔྱད་ཐེངས་མང་བྱས་མཐར། སྙིང་རྗེ་སྒོམ་པའི་སྒོམ་ཆེན་པ་རྣམས་དང་དྲན་པ་ཉེར་འཇོག་སྒོམ་པའི་མི་རྣམས་ཀྱི་ཀླད་པའི་གློག་རླབས(脑电波)དང་ཁྲག་གི་རྒྱུག་སྟངས། དེ་བཞིན་སྙིང་གི་འཕར་ལྡང་བྱེད་ཚུལ་སོགས་མི་འདྲ་བ་མ་ཟད། སྙིང་རྗེ་སྒོམ་པའི་སྒོམ་ཆེན་པ་རྣམས་ཀྱི་ཁྲག་གི་གྲུབ་ཆ་དྲན་པ་ཉེར་འཇོག་སྒོམ་པའི་མི་རྣམས་དང་མི་འདྲ་བར། ཁོང་ཚོའི་ཁྲག་ནང་ཡོད་པའིTelomerase(端粒酶)ཞེས་པའི་མིའི་ཚེ་རིང་ཐུང་དང་འབྲེལ་བའི་ཕྲ་ཕུང་དེ་དྲན་པ་ཉེར་འཇོག་སྒོམ་མཁན་ཚོ་ལས་ལྡབ་འགྱུར་གྱིས་མང་བའི་ཞིབ་འཇུག་འབྲས་བུ་རྙེད།”དེ་ཡང་ཕྲ་ཕུང་དེ་ཇི་ཙམ་མང་ན་མིའི་ཚེ་དེ་ཙམ་རིང་བ་དང་། ཕྲ་ཕུང་དེ་ནི་རྒས་པའི་མགོ་གནོན་བྱེད་ཀྱི་གཉེན་པོ་ལྟ་བུར་བརྗོད། ཞིབ་འཇུག་འབྲས་བུ་དེ་བསྒྲགས་རྗེས། བོད་བརྒྱུད་ནང་བསྟན་ལ་ཁྱད་དུ་ཡོད་པའི་སྙིང་རྗེའི་སྒོམ་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དོ་སྣང་སྔར་ལས་ལྷག་པ་བྱེད་མགོ་བརྩམས་ཤིང་། གོང་བརྗོད་ཀྱི་ཨ་རིའི་སློབ་གྲྭ་ཆེན་མོ་ཁག་གིས་སྙིང་རྗེའི་སྒོམ་ལ་ཞིབ་འཇུག་བྱེད་པའི་ཞིབ་འཇུག་ལྟེ་གནས་བཙུགས་པ་མ་ཟད། སྨན་ཁང་མང་པོས་ཀྱང་སྙིང་རྗེའི་སྒོམ་དེ་སྙིང་ནད་དང་འབྲེལ་བའི་ནད་རིགས་བཅོས་ཐབས་སུ་འཛིན་མགོ་བརྩམས།

(3) ཡང “ཨ་རིའི་ཝེ་སི་ཁོན་སིན(Wisconsin)གསོ་རིག་སློབ་གླིང་དང་མ་ཧ་རི་ཞི(Maharishi)དོ་དམ་སློབ་ཆེན་གྱི་རང་བྱུང་གསོ་རིག་དང་འགོག་བཅོས་ཞིབ་འཇུག་ཁང་གཉིས་ཀྱིས་ནད་ཚབས་ཆེ་ཆུང་གཅིག་པའི་སྙིང་ནད་ཅན201ཚོ་ཁག་གཉིས་སུ་ཕྱེ་ནས་ཚོ་ཁག་གཅིག་ལ་སྒོམ་རྒྱག་ཏུ་བཅུག་ཅིང་ལོ་དགུའི་རིང་རྗེས་འདེད་བརྟག་ཞིབ་བྱས་པར། ལོ་དགུའི་རིང་སྒོམ་རྒྱུན་འཁྱོངས་བྱས་པའི་ནད་པ་ཁག་དེའི་ཤི་ཚད་སྒོམ་མ་བརྒྱབ་པའི་ནད་པ་ཁག་ལས་བརྒྱ་ཆའི47གྱིས་ཉུང་བའི་ཞིབ་འཇུག་འབྲས་བུ་ཐོབ་པ་དང་། ཞིབ་འཇུག་དེས་སྙིང་ནད་ཅན་གྱིས་སྒོམ་བརྒྱབ་པར་བརྟེན་ཚེ་ཇེ་རིང་དུ་གཏོང་ཐུབ་པའི་སྡོམ་ཚིག་བཀོད།”
(4) “འཛམ་གླིང་གི་གསར་འགྱུར་ལས་ཁུངས་གྲགས་ཅན་དབྱིན་ཇིའི་རླུང་འཕྲིན་ཁང(BBC)གིས་སྤེལ་བའི་སྒོམ་སྐོར་གྱི་གནས་ཚུལ་ཞིག་ལྟར་ན། སྒོམ་རྒྱག་སྐབས་མིའི་ཀླད་པ་ལས་རྫས་རྒྱུ་ཁྱད་པར་བ་ཞིག་འབྱེད་ཅིང་། རྫས་རྒྱུ་དེས་ལོ་རྒས་པས་རྐྱེན་བྱས་ཏེ་རིམ་བཞིན་ཉམས་ཞན་དུ་འགྲོ་བཞིན་པའི་ཀླད་པའི་ནུས་རྩོལ་ཁག་སླར་གསོ་བྱེད་ཐུབ་པ་མ་ཟད། ད་དུང་མིའི་ནད་འགོག་མ་ལག་གི་སྟོབས་ཤུགས་ཇེ་ཆེར་གཏོང་ཐུབ་ཀྱི་ཡོད་པས་ལུས་སེམས་ཀྱི་བདེ་ཐང་ཆེད་སྒོམ་རྒྱག་རྒྱུར་སྐུལ་མ་བྱས་འདུག ”
དེ་མིན། ཨ་རིའི་གསོ་རིག་དུས་དེབ་གྲགས་ཅན Brain, Behavior, and Immunity(ཀླད་པ་དང་བྱ་སྤྱོད། ནད་འགོག་ནུས་པ)ཞེས་པའི2009ལོའི་སྤྱི་ཟླ་གཉིས་པའི་པར་མའི་ཐོག་སྤེལ་བའི་སྒོམ་དང་ཨེ་ཛིའི་(艾滋病)ནད་རིགས་འགོག་བཅོས་སྐོར་བརྗོད་པའི་རྩོམ་ཡིག་ཅིག་ཏུ་ཨེ་ཛིའི་ནད་པས་སྒོམ་བརྒྱབ་པར་བརྟེན་ནད་ངན་འགྱུར་ལ་སྔོན་འགོག་བྱེད་ཐུབ་པའི་སྐོར་བཀོད་ཡོད་པ་སྟེ། དེ་ཡང་ཨ་རིའི་ཁཱ་ལེ་ཧྥོ་ནེ་ཡ་སློབ་གྲྭ་ཆེན་མོའི་ལོ་སན་ཅི་ལི་སི(LosAngeles)ཡན་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་ཁེ་ལི་སི་ཝེར་གྱིས་མགོ་ཁྲིད་པའི་ཞིབ་འཇུག་ཚོགས་ཆུང་ཞིག་གིས་ཨེ་ཛིའི་ནད་པ67ལ་ཟླ་བ་གཉིས་རིང་སྒོམ་རྒྱག་ཏུ་བཅུག་ཅིང་སྒོམ་གྱིས་ནད་དེར་ཤན་ཤུགས་ཐེབས་མིན་སྐོར་གྱི་ཚོད་ལྟ་བྱས་པར། (5)“སྒོམ་རྒྱག་ཡུན་ཇི་ཙམ་རིང་ན་ཨེ་ཛིའི་ནད་པའི་ནད་འགོག་ཕྲ་ཕུངCD4ཞེས་པ་དེ་ཙམ་གྱིས་མང་དུ་འགྱུར་བ་དང་། ཕྲ་ཕུང་དེ་ཇི་ཙམ་མང་དུ་གྱུར་ན་ནད་པའི་ནད་འགོག་ནུས་པ་དེ་ཙམ་གྱིས་ཇེ་ཆེར་འགྱུར་ཞིང་། ནད་འགོག་ནུས་པ་ཇེ་ཆེར་གྱུར་བ་དང་བསྟུན་ནད་གཞི་ཇེ་སྡུག་ཏུ་འགྱུར་བར་ཚོད་འཛིན་བྱེད་ཐུབ་ཀྱི་ཡོད”པའི་ཞིབ་འཇུག་འབྲས་བུ་རྙེད། མདོར་ན་ང་ཚོས་གོང་བརྗོད་ཀྱི་དཔེ་དེ་དག་ལས་སྒོམ་ལ་མིའི་ལུས་སེམས་ཟུང་གི་བདེ་ཐང་ཐད་ཕན་ཡོན་རྒྱ་ཆེན་པོ་ལྡན་པ་གསལ་བོ་མཐོང་ཐུབ།

གཉིས། མིའི་བདེ་སྐྱིད་ཐད་ཀྱི་ཕན་ཡོན།
ཨ་རིའི་ཧ་ཝོར་སྒྲི་སློབ་གྲྭ་ཆེན་མོའི(Harvar)འབུམ་རམས་པ་ཧེར་པེར་ཀྲི་པེན་སོན་(Herbert Benson, M.D)གྱིས (1)“བོད་ལ་ཁྱད་དུ་འཕགས་པའི་ནང་རིག་པའི་ཚན་རིག་མངའ་བ་དེ་ནི་བོད་བརྒྱུད་ནང་བསྟན་ཏེ། ནང་བསྟན་དུ་གསུངས་པའི་སེམས་ཀྱི་ཚན་རིག་ནི་ནུབ་ཕྱོགས་ཀྱིས་ཡེ་ནས་འགྲན་ཐབས་བྲལ་བ་ཞིག་རེད”ཅེས་གསུངས་པ་ལྟར། སྒོམ་གྱིས་གཙོ་བྱས་པའི་བོད་བརྒྱུད་ནང་བསྟན་གྱིས་ནུབ་གླིང་བའི་ཡིད་སེམས་རབ་ཏུ་བཀུག་ཅིང་སེམས་ཀྱི་བདེ་སྐྱིད་སྒྲུབ་པའི་ཐད་ཕན་པ་རྒྱ་ཆེན་པོ་ཐོན།

(2) “༢༠༠༡ལོར། འབུམ་རམས་པ་ཧེར་པེར་ཀྲི་པེན་སོན་སོགས་ཀྱིས་ལོ་སུམ་ཅུ་ཡན་རིང་སྒོམ་རྒྱག་མྱོང་བའི་འོད་ཟེར་སོགས་བོད་ཀྱི་དགེ་བཤེས་སྐོར་ཞིག་དང་། དུས་ཐུང་རིང་མ་གཏོགས་སྒོམ་བརྒྱབ་མེད་པའི་མི་གཞན་པ་སྐོར་ཞིག་བར་བསྡུར་བའི་ཚུལ་གྱིས་ཁོང་ཚོའི་ཀླད་པར་ཞིབ་འཇུག་བྱས་པར་ཞིབ་འཇུག་འབྲས་བུ་ཧང་སང་དགོས་པ་འགའ་ཐོབ་པའི་ནང་། སྒོམ་དང་མིའི་བདེ་སྐྱིད་བར་འབྲེལ་བ་དམ་ཟབ་ལྡན་པ་ཤེས་པའི་ཞིབ་འཇུག་འབྲས་བུ་ཞིག་ནི་དགེ་བཤེས་རྣམ་པའི་ཀླད་དཔྲལ་གཡོན་པའི་སྐྱི་མོ(左前额皮层)རྒྱས་ཚད་དུས་ཐུང་རིང་སྒོམ་བརྒྱབ་པའི་མི་སྐོར་དེ་ལས་ལྡབ་འགྱུར་གྱིས་བཟང་བ་དང་། ཡང་ཀླད་དཔྲལ་གཡས་པའི་སྐྱི་མོ(右前额皮层)རྒྱས་ཚད་དེ་ལས་ལྡོག་སྟེ་མི་གཞན་པ་སྐོར་ལས་ལྡབ་འགྱུར་གྱིས་ཞན་པའི་གནས་ཚུལ་ཤེས། དེ་ཡང་མིའི་ཀླད་དཔྲལ་གཡོན་པའི་སྐྱི་མོ་ཇི་ཙམ་རྒྱས་ན་མིའི་བདེ་སྐྱིད་དེ་ཙམ་ཆེ་བ་དང་། ཀླད་དཔྲལ་གཡས་པའི་སྐྱི་མོ་ཇི་ཙམ་ཞན་ན་སྡུག་བསྔལ་དེ་ཙམ་ཆུང་བ་ཚན་རིག་གིས་ཡོངས་ཁྱབ་ངང་ཁས་ལེན་གྱི་ཡོད་ཅིང་། དེ་ནི་ཚན་རིག་གིས་མིའི་བདེ་སྐྱིད་ཀྱི་ཆེ་ཆུང་འཇལ་བྱེད་ཀྱི་ཚད་གཞི་ལྟ་བུར་གྱུར་ཡོད།” ཞིབ་འཇུག་འབྲས་བུ་དེས་སྒོམ་རྒྱག་ཡུན་ཇི་ཙམ་རིང་ན་བདེ་སྐྱིད་དེ་ཙམ་ཆེ་བའི་སྡོམ་ཚིག་བཀོད་པ་དང་། སྒོམ་དང་མིའི་བདེ་སྐྱིད་བར་འབྲེལ་བ་དམ་ཟབ་ཡོད་པ་མིག་མཐོང་ལག་ཟིན་དུ་གྱུར་བའི་ཚན་རིག་ཞིབ་འཇུག་འབྲས་བུས་ར་སྤྲོད་བྱས།

གསུམ། ཕན་ཡོན་གཞན་གྱི་སྐོར།
གོང་བརྗོད་ཀྱི་ཕན་ཡོན་དེ་དག་ཕུད། སྒོམ་ལ་ད་དུང་མིའི་གཤིས་སྤྱོད་ཇེ་བཟང་དང་། དམིགས་པ་རྩེ་གཅིག་ཏུ་གཏོད་པའི་ནུས་པ་མཐོར་འདེགས། དེ་བཞིན་སེམས་ཁྲལ་དང་བློ་འཚབ་སེལ་བ། ཆང་སྤོང་བ་སོགས་ཀྱི་ཐད་ཕན་ཡོན་ལྡན་པ་ཨ་རིའི་ཚན་རིག་པས་ཞིབ་འཇུག་ལ་བརྟེན་ནས་ར་སྤྲོད་བྱུང་བ་དཔེར་ན། ཨ་རིའི་གསོ་རིག་དུས་དེབPsychiatryResearch: Neuroimaging(སྨྱོ་ནད་རིག་པའི་ཞིབ་འཇུག དབང་རྩའི་བརྙན་གཟུགས་རིག་པ)ཞེས་པའི2011ལོའི་ཟླ་དང་པོའི་པར་མའི་སྟེང་། ཨ་རིའི་མཱ་སཱ་ཁྲུའུ་སེ་ཁྲི་ཁུལ་སྤྱི་ཁྱབ་སྨན་ཁང(MassachusettsGeneral Hospital)གི་སེམས་ཁམས་དབང་རྩའི་ནད་ལ་ཞིབ་འཇུག་གནང་མཁན་འབུམ་རམས་པ་སཱ་རཱ་ལ་ཟར(Sara Lazar)གྱིས་སྒོམ་དང་མིའི་ཀླད་པའི་འབྲེལ་བའི་སྐོར་ལ་ཞིབ་འཇུག་བྱས་པའི་ཞིབ་འཇུག་འབྲས་བུ་བཀོད་པའི་རྩོམ་ཡིག་ཅིག་ཏུ་ (1)“མི་ཕལ་བས་གཟའ་འཁོར་བརྒྱད་རིང་སྒོམ་བརྒྱབ་ན། དྲན་པ་དང་སློབ་སྦྱོང་ནུས་པ། དེ་བཞིན་སྙིང་རྗེ་བཅས་དང་འབྲེལ་བའི་ཀླད་པའི་རྫས་རྒྱུHippocampus(海马)ཞེས་པའི་འདུས་ཚད་མངོན་གསལ་ངང་ཇེ་ཆེར་འགྱུར་བ་དང་། དེ་ཇེ་ཆེར་གྱུར་བ་དང་བསྟུན་ནས་མི་དེའི་དྲན་པ་དང་སློབ་སྦྱོང་ནུས་པ་ཇེ་ཆེར་འགྱུར་བ་མ་ཟད། སྔར་བས་སྙིང་རྗེ་ཅན་ཞིག་ཏུ་འགྱུར་བ་དང་། དུས་མཚུངས་སུ་སེམས་ཁྲལ་དང་བློ་འཚབ་སོགས་དང་འབྲེལ་བའི་ཀླད་པའི་རྫས་རྒྱུ་amygdale(杏仁核)ཞེས་པ་ཇེ་ཉུང་དུ་གྱུར་ནས་མི་དེའི་ངང་རྒྱུད་སྔར་བས་འཇམ་པོར་འགྱུར་ཞིང་། དཀའ་ངལ་དང་འཕྲད་སྐབས་བློ་འཚབ་མི་སྐྱེ་བར་སྒམ་བརླིང་དང་བཅས་ཁ་གཏད་གཅོད་ཐུབ་པའི་སྐོར་བརྗོད་པ”མ་ཟད། ཞིབ་འཇུག་དེས་མིའི་ཀླད་པ་ནི་བསྐྱར་དུ་བསྒྱུར་བཅོས་བྱེད་ཆོག་པའི་ངོ་བོ་ཅན་ཞིག་དང་། མིའི་སེམས་ཁམས་དང་གཤིས་སྤྱོད་སོགས་ནི་སྒོམ་ལ་བརྟེན་ནས་འགྱུར་བ་གཏོང་ཐུབ་པའི་སྡོམ་ཚིག་གསར་བ་བཀོད། དེ་ཡང་༡༩༩༨ལོའི་གོང་དུ་ཚན་རིག་པ་ཡོངས་ཀྱིས་གཅིག་མཐུན་ངང་མིའི་ཀླད་པ་ནི་བསྐྱར་དུ་བཅོས་ཐབས་མེད་པ་ཞིག་དང་། མིའི་གཤིས་སྤྱོད་ནི་ལོ་གསུམ་གྱི་གོང་ནས་གཏན་འཇགས་སུ་གྲུབ་ཟིན་པ་ཞིག་དང་བསྒྱུར་དུ་མེད་པ་ཞིག་ཡིན་པའི་ལྟ་བ་འཛིན་གྱི་ཡོད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*