གྲགས་པ་དང་ཁོང་གི་མཆེད་གྲོགས་ལྔ་བཅུ་ང་བཞི།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ལྔ་སྡེ་བཟང་པོ་ལ་རང་རང་སོ་སོའི་གཏན་གྱི་འདུན་མ་འཐོབ་ཕྱིར་གསུང་ཆོས་ཀྱི་གདམས་པ་མང་དུ་གནང་། ཀུན་ཤེས་ཀཽཎྜི་ནྱ་ནི་འཁོར་ལྔ་སྡེ་བཟང་པོའི་ཁྲོད་ནས་རྣམ་དཔྱོད་ཆེས་མཆོག་ཏུ་གྱུར་པ་དེ་ཡིན་ཞིང་། རང་ཉིད་ཀྱི་དོ་སྣང་དང་ཡིད་གཟབ་ཆེན་པོས་གསན་བསམ་གནང་བས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་རྣམས་ཐུགས་སུ་ཆུད་དོ། །གང་ལྟར་ཁོང་རྣམས་ཡུལ་ལུང་དེ་རུ་དུས་ཡུན་ཐུང་ཙམ་ལས་མ་བཞུགས།
སངས་རྒྱས་བཅོམ་ལྡན་འདས་ཡུལ་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ(ISIPA TANA)རི་དྭགས་ཀྱི་ནགས་སུ་བཞུགས་སྐབས། ཁོང་ཚོའི་ཉེ་འདབས་སུ་འབྱོར་ཕྱུག་ལྡན་པའི་ཕོ་གཞོན་གྲགས་པ(YASA)ཟེར་བ་ཞིག་འཚོ་སྡོད་བྱས་ཡོད་པ་དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་མཇལ་དུ་ཡོང་སྟེ་གསུང་ཆོས་ཞུས་པས། རྒྱུ་གང་ཞིག་ལ་བརྟེན་ནས་འབྲས་བུ་ཕུན་སུམ་ཚོགས་པ་ཅི་འདྲ་ཞིག་ཐོབ་ཀྱི་ཡོད་མེད་སོགས་ཐོས་རྗེས། ཁོའི་ཡིད་དབང་རབ་ཏུ་འཕྲོགས་ཤིང་དགའ་སྤྲོའི་སེམས་སྐྱེས་ཏེ་ད་དུང་འདི་ལས་ལྷག་པའི་གདམས་པ་ཞུས་ཤིང་སྒྲུབ་པ་ཉམས་ལེན་གྱི་གོ་སྐབས་འཐོབ་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་ནས་རབ་ཏུ་བྱུང་བར་མཛད་དོ། །
ཉིན་དེའི་དགོང་མོ་སྟེ་ས་རུབ་ལ་ཉེ་བའི་མཚམས་སུ། བགྲེས་སོང་ཞིག་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ནས་ཞུ་དོན། ད་ནངས་ཞོགས་པ་ངའི་བུ་ཁྱེད་མཇལ་དུ་འགྲོ་ཡི་ཡིན་ཞེས་ཕྱིན་སོང་། འོན་ཀྱང་ཁོང་ད་དུང་རང་ཁྱིམ་དུ་མ་འབྱོར་བས་ཁོང་གི་ཨ་མས་ངེད་གཉིས་ཀྱི་བུ་ཏན་ཏན་ཇག་པས་བསད་པ་ཡིན་རྒྱུ་རེད་ཅེས་ངུ་བཞིན་དུ་འདུག་གོ །ཞེས་ཞུས་པ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བགྲེས་སོང་དེའི་བུ་སྟེ་རབ་ཏུ་བྱུང་མ་ཐག་པའི་ཕོ་གཞོན་གྲགས་པ་ལ་བརྡ་བཏང་སྟེ་རང་ཉིད་ཀྱི་རྩར་བོས་ནས། གྲགས་པའི་ཕ་རྒན་ལ་ཡང་གསུང་ཆོས་ཀྱི་གདམས་པ་གནང་།   གདམས་པ་གནང་གྲུབ་རྗེས་གྲགས་པའི་ཕ་རྒན་གྱིས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་རྣམས་ནི་ཇི་འདྲའི་ལེགས་ཤིང་ཡིད་དུ་འོང་བ་ཞིག་འདུག་སྙམ་ནས་ཁོང་གིས་སངས་རྒྱས་བཅོམ་ལྡན་འདས་ལ། ང་ཡང་ཁྱེད་ཀྱི་རྗེས་སུ་ཞུགས་ཆོག་པར་ཞུ་ཞེས་ཞུས་པར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞལ་གྱིས་བཞེས་ཏེ་རྗེས་འཇུག་གི་གྲས་སུ་ཚུད་དོ། །   གཞོན་ནུ་གྲགས་པའི་ཕ་རྒན་ནི་འབྱོར་ཕྱུག་ལྡན་པའི་ཁྱིམ་བདག་ཅིག་ཡིན་ཞིང་། ཐེངས་ཤིག་ཁོང་གིས་སངས་རྒྱས་བཅོམ་ལྡན་འདས་འཁོར་དགེ་སྦྱོང་དྲུག་དང་བཅས་པ་རང་ཉིད་ཀྱི་གཞིས་ཀར་གུང་ཚིགས་གསོལ་སྟོན་ལ་གདན་འདྲེན་ཞུས་པར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞལ་གྱིས་བཞེས་ཏེ་སྐུ་འཁོར་དང་བཅས་གྲགས་པའི་ཕ་ཁྱིམ་དུ་བྱོན།
ཉིན་གུང་གསོལ་ཚིགས་བཞེས་གྲུབ་རྗེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཞོན་ནུ་གྲགས་པའི་ཨ་མ་དང་གཞོན་ནུ་གྲགས་པ་རབ་ཏུ་མ་བྱུང་གོང་གི་ཁོའི་ཆུང་མ་བཅས་ལ་གསུང་ཆོས་ཀྱི་གདམས་པ་གནང་། སྐབས་དེ་དུས་གཞོན་ནུ་གྲགས་པ་ལ་མཆེད་གྲོགས་ལྔ་བཅུ་ང་བཞི་ཡོད་པ་དེ་ཚོ་ཚང་མ་སངས་རྒྱས་བཅོམ་ལྡན་འདས་མཇལ་དུ་ཡོང་བ་ན། ཁོ་ཚོས་གཞོན་ནུ་གྲགས་པས་རབ་བྱུང་བསྒྲུབས་ཟིན་པ་མཐོང་ཞིང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་མན་ངག་ཟབ་མོ་དག་ཐོས་པས། ངེད་ཅག་གིས་ཀྱང་མཆེད་གྲོགས་གྲགས་པ་ཇི་བཞིན་རབ་བྱུང་བསྒྲུབ་ཀྱི་ཡིན། ཞེས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བ་ནན་གྱིས་ཕུལ་བ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཞལ་གྱིས་བཞེས་ཏེ་ཁོང་ཚོ་ཚང་མ་རབ་ཏུ་བྱུང་བར་མཛད་དོ། །དེ་ལྟར་དུས་ཚོད་ཐུང་ངུ་ཞིག་གི་ནང་རབ་ཏུ་བྱུང་བ (BHIKKHU)དྲུག་ཅུ་ཐམ་པའི་ཚད་ལོངས་སོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*