འཁོར་བའི་གླུ།

རྩོམ་པ་པོ།  གཡག་རྫི།

སྔོན་སྨོན་ལས་ཀྱི་མཐུད་ཀ་འཕྲོད་ས་དེར།།
རིང་ནས་དུང་བའི་སེམས་འདི་ཡང་ཡང་འཁྲི།།
གཤིས་ཀྱི་བག་ཆགས་འཐུག་པའི་རི་གྲོང་དུ།།
དྲན་པའི་ཆར་ཟིམ་ཉིན་དང་མཚན་དུ་འབབ།།

ཉི་མས་ལམ་ཕྲན་བརྒྱུད་ནས་ནུབ་རིར་ཡོར།།
དེ་ནི་གནའ་བོའི་མཚམས་སྤྲིན་ལམ་རྙིང་སྟེ།།
སེར་མདངས་ཆགས་པའི་ལམ་གྱི་ཕྱི་ནང་ན།།
འཛུམ་པའི་ཕྱི་མིག་ཁྲོད་ཀྱི་ཞབས་རྗེས་ཡོད།།

རོལ་མོའི་སྒྲ་གདངས་རེ་རེ་རྣ་བར་སིམ།།
ངག་གི་ཡིག་འབྲུ་རེ་རེ་སེམས་ལ་འཁོར།།
གཞས་གདངས་སྐྱ་བོ་འཇག་པའི་རྗེས་ཤུལ་ནས།།
ཁུ་སིམ་མཚན་མོའི་རླུང་བུ་བྲང་ཁར་གླན།།

ལུས་ཀྱི་དཀའ་ཐུབ་ངག་གི་བཟླས་བརྗོད་ཀུན།།
རིང་དུ་སྤངས་ཏེ་འཁོར་བའི་ནགས་ཀློང་འདིར།།
ཉིད་ཀྱི་ཞལ་འཛུམ་མཇལ་བའི་རེ་སྨོན་གྱིས།།
གཡོ་མེད་བརྩེ་བའི་ཏིང་འཛིན་རྩེ་གཅིག་སྒོམ།།

འཇིག་རྟེན་ལས་ཀྱི་བྱ་བཞག་ཟང་ཟིང་ཁྲོད།།
རེས་སྐྱིད་རེས་སྡུག་ལས་ཀྱིས་སུན་སུན་ནས།།
ད་ནི་རང་དབང་འཚོ་བའི་གཞིས་ཀ་དེར།།
ཞི་བའི་མིག་གིས་དུང་བའི་བཞིན་རས་འཚོལ།།

༢༠༡༨ ༤ ༡༨ གཡག་རྫིས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*