༧ རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་མཆོག་གི་བླ་མའི་རྣལ་འབྱོར་བཞུགས་སོ།།

ཨོཾ་སྭ་སྟི།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།
བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།།
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

ཞེས་ཚར་གསུམ་གྱི་སྐྱབས་འགྲོ་སེམས་བསྐྱེད་བྱ།
མདུན་གྱི་ནམ་མཁར་རྩ་བའི་བླ་མ་བཀའ་དྲིན་ཆེ་ཞིང་མོས་པ་སྐྱེ་སླ་བ་རྣམས་ཀྱིས་གཙོ་བྱས་ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་རྣམས་དང་། གཞན་ཡང་བརྒྱུད་པའི་བླ་མ་ཐམས་ཅད་དང་། ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དཀོན་མཆོག་གསུམ་གྱི་ངོ་བོར་གྱུར་པའི་སངས་རྒྱས་བྱང་སེམས་ཐམས་ཅད་འདུས་པའི་ངོ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་མངོན་སུམ་གསལ་བར་བཞུགས་པ་གྱུར། ཞེས་ངག་ཏུ་བརྗོད་ཅིང་སེམས་ཀྱིས་ཀྱང་ངེས་ཤེས་འདྲོངས་པར་བསྒོམ་ལ། །དེ་ལ་འདི་ཕྱིའི་བློ་ལྟོས་ལིང་གིས་བཀལ་བའི་འདུན་པ་དྲག་པོས།

ཆོས་རྣམས་ཀུན་གྱིས་དེ་ཉིད་གཟིགས། །
གསང་སྔགས་རྒྱ་མཚོའི་ཕ་རོལ་སོན།།
རྡོ་རྗེ་འཛིན་པ་ཀུན་གྱི་རྗེ།།
གྲགས་པ་རྒྱལ་མཚན་ལ་ཕྱག་འཚལ།།

ཞེས་སོགས་ཤླཽ་ཀ་གཅིག་པུ་དེ། བརྒྱ་རྩ་སྟོང་རྩ་སོགས་ཅི་ནུས་གསོལ་བ་བཏབ། ཐུན་བསྡུ་བ་ནི། མདུན་གྱི་རྗེ་བཙུན་རང་ལ་ཐིམ་ནས་བྱིན་གྱིས་བརླབ་པར་གྱུར། ཞེས་བརྗོད་ཅིང་བསམ་ལ་མོས་གུས་ཡིད་ལ་བྱེད་པའི་ཚུལ་གྱི་སེམས་ཅུང་ཟད་མཉམ་པར་བཞག སྨོན་ལམ་གདབ་པ་ནི།
རྒྱལ་བས་མདོ་རྒྱུད་ཀུན་ལས་ལུང་བསྟན་པ།།
མདོ་རྒྱུད་མན་ངག་རྒྱ་མཚོའི་ཕ་མཐར་སོན།།
གངས་ཅན་སྔགས་འཆང་ཀུན་གྱི་གཙུག་རྒྱན་པ།།
རྗེ་བཙུན་གྲགས་པ་རྒྱལ་མཚན་ཞབས་ལ་འདུད།།
སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་གདམས་ངག་བཅུད།།
བརྩེ་ཆེན་ཆུ་འཛིན་གཞོན་ནུས་ཉེ་བར་འཁྱུད་པས།།
རྒྱལ་བསྟན་ཕྱོགས་བཅུར་སྤེལ་བའི་སྔགས་འཆང་པ།།
རྡོར་དྲིལ་གཙུག་རྒྱན་གྲགས་པ་རྒྱལ་མཚན་རྒྱལ།།
སྐྱབས་གསུམ་བླ་མའི་ཐུགས་རྗེ་བྱིན་རླབས་མཐུས།།
རྒྱལ་བསྟན་སྤྱི་དང་བྱེ་བྲག་བརྩེ་ཆེན་པའི།།
ས་དཀར་ལུགས་ཟུང་ཆོས་སྲིད་མངའ་ཐང་རྒྱས།།
བསྟན་སྲུང་ལྷ་བརྒྱད་རྣམས་ཀྱིས་སྡོངས་གྲོགས་མཛད།།
(མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་སྦྱར།)
མཐོང་ཞིང་ཐོས་སམ་རྗེས་སུ་དྲན་ཡང་རུང་། །
རེག་གམ་གཏམ་དུ་བརྗོད་པ་ཙམ་གྱིས་ཀྱང་། །
རྣམ་པ་ཀུན་ཏུ་འགྲོ་ལ་ཕན་པ་ནི། །
བདེ་དང་ལྡན་པ་རྟག་ཏུ་བྱེད་གྱུར་ཅིག །

ཅེས་དགེ་བར་བསྔོ་བར།  བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ་བར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །དཔལ་ལྡན་བླ་མའི་ཐུགས་རྗེའི་བྱིན་རླབས་དང་། །ཆོས་ཀུན་དེ་བཞིན་ཉིད་ཀྱི་བདེན་པ་དང་། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །ཇི་ལྟར་གསོལ་བ་བཏབ་བཞིན་འགྲུབ་གྱུར་ཅིག། ༈ །བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་པ། །གངས་རིའི་ཁྲོད་འདིར་ཐེག་ཆེན་ཆོས་སྒྲ་སྒྲོགས། །འཁོར་ལོས་སྒྱུར་རྒྱལ་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོའི་ཞབས་ཀྱི་པདྨོའི་བཀྲ་ཤིས་ཤོག །འགྲོ་བའི་བླ་མ་ཆོས་རྗེ་པཎྜི་ཏ། །མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས། །རྒྱལ་བ་གཉིས་པ་དཔལ་ལྡན་ས་སྐྱ་པའི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། །གསང་གསུམ་གཅིག་ཏུ་བསྡུས་པའི་རྡོ་རྗེ་འཆང་། །རྒྱལ་བས་ལུང་བསྟན་ཀུན་དགའ་བཟང་པོ་ཡི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །དཔལ་ལྡན་ས་སྐྱ་གཙོར་གྱུར་ཆོས་གྲྭ་ཀུན། །འདུས་ཚོགས་ལི་ཁྲིའི་རྒྱ་མཚོ་ལྟར་རྒྱས་ཤིང་། །ཆོས་སྤྱོད་རླབས་ཕྲེང་སྲིད་པའི་རྩེར་ཕྱུར་བས། །བདུད་སྡེའི་གྲོང་ཁྱེར་འཇིག་པའི་བཀྲ་ཤིས་ཤོག །མ་ཕམ་ཆོས་ཀྱི་བླ་མ་གཡག་རོང་གཉིས། །རིག་པའི་དབང་ཕྱུག་ཤེས་རབ་བཟང་པོ་དང་། །སྡེ་སྣོད་འཛིན་པའི་གཙུག་རྒྱན་རྫོང་དཀར་བའི། །བསྟན་པ་སླར་ཡང་དར་བའི་བཀྲ་ཤིས་ཤོག །ཐུབ་པའི་རྒྱལ་ཚབ་འཇམ་དབྱངས་ས་སྐྱ་པའི། །ལྟ་གྲུབ་འཁྲུལ་མེད་སེང་གེའི་ང་རོ་ཡིས། །ཕས་རྒོལ་གླང་པོའི་ཀླད་འགེམས་གོ་རམ་ཆེའི། །རིང་ལུགས་ཕྱོགས་བརྒྱར་འབར་བའི་བཀྲ་ཤིས་ཤོག །གང་གི་ཞབས་སེན་ཡིད་ལ་དྲན་ཙམ་གྱིས། །ཕྱི་ནང་བདུད་ལས་རྒྱལ་བའི་དཔལ་ཡོན་ཅན། །རྡོ་རྗེ་འཆང་དངོས་ཚར་པ་ཆོས་ཀྱི་རྗེའི། །བསྟན་པ་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་བུ་སློབ་དགེ་འདུན་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ། དངོས་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྗེ་དང་། །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །ཆོས་སྲུང་དམ་ཅན་རྒྱ་མཚོའི་ནུས་མཐུ་ཡིས། །ཅི་བསམ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་དོན་རྟོགས་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་དེང་འདིར་བདེ་ལེགས་སྩོལ།། །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་དུནྟེ་ཥནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏེ་ཥཱནྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མཎཿ །། དུས་ཐམས་ཅད་དུ་ཆོས་མཐུན་གྱི་བྱ་བས་གནས་པར་བྱའོ། །ཞེས་པ་སངས་རྒྱས་ཕུན་ཚོགས་ཀྱིས་བླ་མ་དམ་པ་དྲན་པའི་སྒོ་ནས་བྲིས། །སརྦ་མངྒ་ལཾ།། །།
དེ་རིང་ནི་ཚེས་པ་ ༡༢ ལ་ ༧ རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་མཆོག་གི་དུས་ཆེན་རེད།རྗེ་བཙུན་གྲགས་པ་རྒྱལ་མཚན་མཆོག་ནི་སྤུ་རྒྱལ་བོད་ཀྱི་རྒྱལ་ཁམས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་ཞིང་རྡོ་རྗེ་འཛིན་པ་བྱེ་བའི་གཙུག་རྒྱན་ཅེས་གྲགས་པའི་སྐྱེས་བུ་ཆེན་པོ་ཞིག རབ་བྱུང་གསུམ་པའི་(སྤྱི་ལོ་1147)མེ་མོ་ཡོས་བུ་ལོ། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཀྱི་སྐར་མ་རྒྱལ་གྱི་ཉི་དྲོས་ལ་སྐུ་འཁྲུངས་ནས། དགུང་ལོ་བདུན་ཅུ་བཞེས་པ་(སྤྱི་ལོ་1216)མེ་ཕོ་བྱི་བའི་ལོ། ཟླ་གཉིས་པའི་ཚེས་བཅུ་གཉིས་ཀྱི་སྲོད་ཀྱི་དུས་སུ་ཞི་བར་གཤེགས་པའི་ཚུལ་བསྟན། ད་ལོ་(སྤྱི་ལོ་2016)རབ་བྱུང་བཅུ་བདུན་པ་མེ་སྤྲེལ་གྱི་ལོ་འདི་ལ་རྗེ་བཙུན་གྲགས་པ་རྒྱལ་མཚན་འདས་ནས་ལོ་800རེད་ལགས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*