སྐར་མ་རྀ་ཥྀ་འཆར་བ།

སྤྱི་ལོ་༢༠༡༧ལོ་སྟེ། བོད་མེ་བྱ་ལོའི་ཟླ་བདུན་པའི་ཚེས་བཅོ་བརྒྱད་དང་སྤྱི་ཟླ་དགུ་པའི་ཚེས་དགུ་ཉིན་གྱི་ཐོ་རེངས་ལ་སྐར་མ་རྀ་ཥྀ་འཆར། དེ་ཡང་སྐར་མ་རྀ་ཥྀའམ་ཡོངས་གྲགས་སྐར་མ་རི་འདོར་ཞེས་པ་ནི། རྩིས་གཞུང་ལས་ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་སྐར་ཁྱིམ་ཞིག་ཡིན་པར་གསུངས་པ་དང་། འདི་ཉིད་དུས་རགས་པར་སྟོན་ཟླ་འབྲིང་པོ་མོན་གྲུ་ཟླ་བའི་ཞག་བདུན་རིང་ཡན་ལག་བརྒྱད་ལྡན་གྱི་ཆར་བབས་པའི་དུས་སུ་འཆར་བས། འདིའི་ནུས་པས་རྩྭ་ཆུ་ཐམས་ཅད་སྨན་དང་བདུད་རྩིར་འགྱུར་ཏེ། སྐབས་འདིར་ཆུ་ལ་ཞུགས་ན་མི་གཙང་བའི་གྲིབ་དང་། འབག་བཙོག་དང་། ནད་ཡམས་སོགས་ཀུན་སེལ་ཏེ་ལུས་ཁམས་བདེ་ཐང་ལ་ཕན་པ་ཆེན་པོ་ལྡན་པ་ཞིག་ཡིན།
དེ་ཡང་སྔ་མོའི་བཤད་སྲོལ་ལ་དུས་འདིའི་རིང་ནམ་མཁའི་ལྷ་མོ་རིགས་བདུན་སོགས་ས་སྟེང་ཆུ་ལ་ཞུགས་པས་དེའི་བྱིན་རླབས་དབང་གིས་ཆུ་ཐམས་ཅད་བདུད་རྩི་དང་སྨན་དུ་འགྱུར་བའི་སྐོར་སོགས་མཆིས་ཀྱང་། དོན་དུ་འགྲེལ་པ་བྱ་བའི་ཐབས་སམ་རྣམ་པ་མི་འདྲ་བ་ཙམ་ལས་སྐར་མ་རྀ་ཥྀ་འཆར་བའི་ཞག་བདུན་གྱི་བོད་ཀྱི་ཆབ་ཞུགས་དུས་ཆེན་དང་དེའི་ཕན་ཡོན་དག་ནི་ཚན་རིག་དང་མཐུན་པ་འབའ་ཞིག་ཡིན་ཏེ། སྤྱི་ལ་དུས་ཀྱི་དབང་དུ་བྱས་ན་སྟོན་ཆུ་བཟང་ཞིང་དཔྱིད་ཆུ་ངན་པར་བཤད་པ་ཁུངས་བཙུན་པའི་གཞུང་ཁག་ཏུ་སྒྲུབ་བྱེད་དང་བཅས་པ་གསལ་བར་གསུངས་པ་དང་། སྒོས་སུ་སྟོན་ཟླ་འབྲིང་པོའམ་སྐར་མ་རྀ་ཥྀ་འཆར་བའི་དུས་སུ་ནི་ཆུ་དྭངས་ཤིང་ཚ་གྲང་སྙོམས་པ་གང་ཞིག་ལུས་ལ་འཕྲོད་ཅིང་ཕན་ཆེ་བ་སོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། གསོ་དཔྱད་ཡན་ལག་བརྒྱད་པ་ལས། ཉི་མའི་འོད་ཀྱིས་གདུངས་པ་དང་། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རྀ་ཥྀ་ཤར་བས་དུག་མེད་པ། །ཉིན་མཚན་གཉིས་ཀར་སྦྱང་ཆུ་བཏུང་། །ཞེས་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ལས། དུས་ཀྱི་ཡན་ལག་བརྒྱད་ལྡན་ཞེས་བྱ་བ། །རགས་པར་ཧོར་ཟླ་བརྒྱད་པར་འཆར་དེ་ཡང་། །ཟླ་བ་བཤོལ་ཤུལ་སྔ་མ་བཤོལ་སྔོན་ཕྱི། །ཟླ་བ་ལ་བརྟག་དེ་ཡང་གྲུབ་མཐའི་ཉིའི། །སྐར་བུག་དབྱུག་ལ་འབྱུང་མཚོ་མཁའ་སྲང་མེ། །ཤར་ཚེ་དྲང་སྲོང་རི་ཥྀ་འཆར་བ་ཡིན། །ཐོག་མའི་ཉིན་ནས་ཞག་བདུན་དག་གི་རིང་། །ཆུ་རྣམས་ཡན་ལག་བརྒྱད་ལྡན་བདུད་རྩི་དང་། །རྩ་ཀུན་སྨན་དང་སྨན་ཀུན་བདུད་རྩིར་འགྱུར། །འདི་དུས་སྨན་བཏུ་སྦྱོར་སོགས་མཆོག་ཏུ་བསྔགས། །ཞེས་དང་།དུང་དཀར་རིན་པོ་ཆེས། སྐར་མ་རྀ་ཥྀའི་འོད་ཀྱིས་རྩྭ་ཆུ་ཇེ་བཟང་དུ་འགྱུར་བའི་བཤད་ཚུལ་དེ་ནི་རྩིས་གཞུང་དག་ལས་དྲང་སྲོང་རྀ་ཥྀ་ཞེས་ཞེས་ཟེར། འདི་ཉིན་མོར་ཟླ་བ་དྲུག་གི་རིང་གླིང་འདིའི་ཐད་ཀར་གནས། གླིང་འདིར་ཐོག་མར་འཆར་དུས་ཐོ་རངས་དུས་སུ་ལྷོ་སྟོད་ཕྱོགས་ནས་མཐོང་བ་འདི་ཉིད་ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་སྐར་ཁྱིམ་ཡིན་སྟབས་དེའི་འོད་ཆུ་ལ་ཕོག་པས་ཞག་བདུན་གྱི་བར་དུ་ཆུ་བོ་ཐམས་ཅད་ཡན་ལ་བརྒྱད་ལྡན་དུ་འགྱུར་བས། དེའི་ཚེ་ཁྲུས་ལ་ཞུགས་ན་གྲིབ་དང་འབག་བཙོག་ཐམས་ཅད་དག་པར་གསུངས། འདི་སྔོན་གྱི་དྲང་སྲོང་རྣམས་ཀྱི་སྨོན་ལམ་གྱི་སྟོབས་ཡང་ཡིན་ཞེས་ཟེར་རོ། །ཞེས་སོགས་གསུངས་པ་ལྟར་རོ། དེང་དུས་ཡོངས་གྲགས་སུ་སྐར་མ་རྀ་ཥྀ་འཆར་བའི་ཞག་བདུན་རིང་ལ་བོད་ཀྱི་ཆབ་ཞུགས་དུས་ཆེན་ཞེས་ཟེར་ཞིང་། རྒྱ་ཆེའི་བོད་རིགས་མི་དམངས་རྣམས་དུས་འདིའི་རིང་གཙང་འགྲམ་སོགས་ལ་བསྐྱོད་དེ་ཕོ་མོ་རྒན་གཞོན་མེད་པར་ཆུ་ལ་ཞུགས་ནས་ཁྲུས་དང་གཙང་སྦྲ་བྱེད་པའི་ལུགས་སྲོལ་ཤུགས་ཆེན་ཞིག་དར་ཡོད་དོ།།
སྤྱིར་ན་རང་རེ་བོད་ཀྱི་ཆུ་བོ་ནི་ཡན་ལག་བརྒྱད་ལྡན་ཡིན་པ་ཆིམས་མཛོད་ལས། བསིལ་དང་ཞིམ་དང་ཡང་བ་དང་། འཇམ་དང་དྭངས་དང་དྲི་ང་མེད། འཐུང་ན་མགྲིན་དང་ལྟོ་བ་ལ། མི་གནོད་ཡན་ལག་བརྒྱད་ལྡན་ཆུ། ཞེས་གསུངས་པ་དང་། ལྷག་པར་དུ་ལོ་ལྟར་འཆར་ཅན་བོད་ཟླ་བརྒྱད་པའི་ནང་རྩིས་གཞུང་ལས་བསྟན་པ་བཞིན་(སྐར་མ་རི་ཥི་འཆར་བའི་ཉིན་དེ་ནས་ཞག་བདུན་རིང་ཆུ་ཀླུང་ཡན་ལག་བརྒྱད་ལྡན་བདུད་རྩིར་བསྒྱུར་བས་སྨན་དཔྱད་དང་ཁྲུས་ལ་གཞུག་ན་དགེ་ཞེས་གསལ།)སྐར་མ་རི་ཥི་འཆར་ནས་ཆུ་ཧ་ཅང་བཟང་བའི་གོ་སྐབས་དང་བསྟུན་ནས་རྒྱ་ཁྱབ་ཆེ་བའི་སེར་སྐྱ་མི་མང་ཚོས་གུར་དང་། བྱ་གཡབ། ལེམ་ཐང་། ཇ་ཆང་། ཟ་རིགས་སྣ་ཚོགས་བཅས་འཁྱེར་ནས་གླིང་གཏོང་ཆུ་བརྒལ་དང་། མལ་གདན་གྱོན་ཆས་འཁྲུ་བ་སོགས་ཀྱི་བྱེད་སྒོ་མ་སྐུལ་རང་མོས་ཀྱིས་སྤེལ་ནས་སྤྱི་ཚོགས་ཀྱི་འཚོ་བའི་ནང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་གོམས་གཤིས་བཟང་པོ་ཞིག་ཆགས་ཡོད་པ་དེ་ནི་ད་ལྟའི་བར་དུ་ཡང་རྒྱུད་འཛིན་བྱེད་ཀྱི་ཡོད་པ་ཚང་མས་གཟིགས་གསལ་རེད།
སྐར་མ་རི་ཥི་ཞེས་པ་ནི་དོན་དུ་དྲང་སྲོང་རི་ཥི་ཞེས་པ་འདི་ཡིན་ཅིང་། ལྷའི་སྨན་པ་ཡིན་པར་བཤད་ལ། དེའི་བདེན་སྟོབས་ཀྱིས་འདི་ཤར་བ་ན་ཆུ་རྣམས་ནད་ཀྱི་གཉེན་པོར་འགྱུར་བར་བཤད། རི་བྱི་ནི་རི་ཥིའི་ཟུར་ཆགས་པ་ཡིན།
དེ་ཡང་། སྤྱིར་རང་རེ་བོད་ཀྱི་ཆུ་བོ་ནི་ཡན་ལག་བརྒྱད་ལྡན་ཡིན་པ། ཆིམས་མཛོད་ལས་“བསིལ་དང་ཞིམ་དང་ཡང་བ་དང་། འཇམ་དང་དྭངས་དང་དྲི་ང་མེད། འཐུང་ན་མགྲིན་པ་ལྟོ་བ་ལ། མི་གནོད་ཡན་ལག་བརྒྱད་ལྡན་ཆུ་”ཞེས་གསུངས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་སྨན་གཞུང་《བེེ་སྔོན་》ལས་“རི་བྱི་ཤར་བས་དུག་མེད་པ། ཉིན་མཚན་གཉིས་ཀ་སྦྱངས་ཆུ་བཏུང་། དྭངས་བ་དྲི་མེད་ཆུ་ཞེས་པ། དྲི་མེད་དྲི་མ་སེལ་གྱུར་པ། མི་འགྲུབ་རྩུབ་པ་མ་ཡིན་པ། བཏུང་བ་ལ་སོགས་བདུད་རྩིར་མཚུངས་ ”ཞེས་གསུངས་པ་ལྟར་སྐར་མ་རི་བྱི་ཤར་བས་ཆུ་བོ་དང་རྫིང་བུ་སོགས་ལ་གནས་པའི་གནོད་པ་ཞི་ཞིང་། དུག་མེད་པ་ཉིད་དུ་འགྱུར་བས། དེ་སྐབས་ཁྲུས་ལ་ཞུགས་ན་གཟུགས་པོར་ཕན་ཆ་ཆེ་ཞིང་བདུད་རྩི་སྨན་ཆབ་ཀྱི་འཕྲོད་བསྟེན་ལྟ་བུར་འགྱུར་བའི་ཕྱིར། དམངས་ཁྲོད་དུའང་སྐར་མ་རི་བྱི་ཤར་སོང་། སྨན་པའི་དགོས་པ་མི་འདུག ཅེས་ཤོད་སྲོལ་དང་བཅས། ལོ་ལྟར་འཆར་ཅན་བོད་ཟླ་བརྒྱད་པའི་ཚེས་ཤར་ཙམ་ནས་བཟུང་། དེ་སྔ་གཟིམ་ཆུང་ཆབ་ཞུགས་ཞེས་ཏྰ་ལའི་བླ་མ་ཆབ་ལ་ཞུགས་པའི་མཛད་སྒོར་གཞུང་ཞབས་སེར་སྐྱ་ཁོངས་གཏོགས་དང་བཅས་པ་ནོར་གླིང་གཟིམ་ཆུང་ཉི་འོད་དུ་མདོ་སྦུག་ཁྱད་མེད་ཀྱི་གསོལ་སྟོན་ཉིན་ལྔ་དང་། རྩེ་སྐོར་ཉིན་བཅུའི་རིང་གསོལ་ཚིགས་བཞེས་སྤྲོ་སོགས་གཏོང་སྲོལ། མཐའ་མའི་ཉིན་ཕོ་བྲང་གི་མཐོངས་སྡིངས་ས་ཆའི་སྟེང་བསང་བུམ་ཐོག་ཚད་ཙམ་བསླངས་ཏེ་བསང་གི་དུད་སྤྲིན་བར་སྣང་དཀྲིགས་པའི་དབུས་སུ་ཀི་བསྭོའི་ལྷ་རྒྱལ་བཏང་སྟེ་གྲོལ། དེ་རྗེས་བཀའ་ཤག་དང་། ཡིག་ཚང་། རྩེ་ཤོད་ཕྱག་མཛོད། བླ་ཕྱག་ལྷ་གཉེར། ཞོལ་གཉེར་སོགས་ལས་ཁུངས་ཁག་གི་སྤྲོ་ཆེན་དང་། དགོན་སྡེ་སོ་སོའི་ཆབ་ཞུགས་ཞེས་གཏོང་སྲོལ་ཡོད་ལ། དམངས་ཁྲོད་ལ་ཆ་བཞག་ནའང་དེང་སྐབས་ལྟར་བདེ་སྐྱིད་ཀྱི་འཚོ་བ་འདི་ལྟ་བུ་མེད་རུང་གུར་དང་། བྱ་གཡབ། ལེབ་ཐང་། ཇ་ཆང་ཟས་རིགས་སྣ་ཚོགས་སོགས་རང་རང་འཁོས་དཔག་གི་ཆ་རྐྱེན་ལ་གཞིགས་ཏེ་འཁྱེར་ནས་གླིང་གཏོང་ཆུ་བརྒལ་དང་། མལ་གདན་གྱོན་ཆས་འཁྲུ་བ་སོགས་ཀྱི་བྱེད་སྒོ་མ་སྐུལ་རང་མོས་ཀྱིས་སྤེལ་ནས་དུས་ཆེན་གང་སྐྱིད་གཏོང་སྲོལ་དང་མི་སྨོན་རང་སྐྱིད་བྱེད་པ་བཅས་ནི་ཡུན་རིང་སྤྱི་ཚོགས་འཚོ་བའི་ནང་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོམས་གཤིས་བཟང་པོ་ཞིག་ཆགས་ཡོད་པ་དེ་ནི་ད་ལྟའི་བར་དུ་ཡང་རྒྱུད་འཛིན་བྱེད་ཀྱི་ཡོད་པ་ཚང་མས་མཐོང་ཆོས་སུ་གྱུར་པ་ལགས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*