ང་འདི་ན་ཡོད།

ཁམས་ཟླ་སྲས། དཔལ་ཡུལ།

དབྱར་གཞུང་མེ་ཏོག་ཚོམས་ཀྱི། །
མཛེས་སྡུག་སྣ་མང་བཞད་པའི། །
ལྷ་ཡི་དགའ་ཚལ་འདྲ་བ། །
བཀྲ་ཤིས་ཁྲོཾ་ལྗོངས་གྲགས་སོ། །

སྟོད་ན་ཆོས་འཁོར་འདུ་གླིང་། །
བར་ན་ལྷོད་ཡངས་རྩྭ་ཐང་། །
མདའ་ན་གཙང་ཆབ་ལྷུང་ལྷུང་། །
ངོ་མཚར་ལྟད་མོ་ཆེ་ས། །

གྲུབ་མཆོག་སྨྲ་བའི་གཙུག་རྒྱན། །
སྔོན་བྱོན་པདྨའི་གདུང་སྲས། །
སྐུ་བལྟམས་ཉི་མའི་ཟེར་ནས། །
གསོལ་འདེབས་སྨོན་ལམ་ཞུས་ཆོག །

དམར་སེར་ངུར་སྨྲིག་འཛིན་གཙོ། །
བཤད་སྒྲུབ་བསྟན་པའི་ཆེ་བ། །
ཡུན་འཚོ་བསྐལ་བའི་མཐའ་ལ། །
བདག་ཀྱང་གྲལ་དུ་གནས་ཡོད། །

རིན་ཆེན་རྒྱུད་མངས་གཡར་ཏེ། །
སྙན་མོ་གཞས་ཆུང་ལེན་དུས། །
ང་ཡི་སེམས་འཁྲུངས་མི་མོ། །
ད་རེས་ཕེབས་པར་སྒུག་གོ། །

དབྱངས་ཅན་ལྷ་ཡི་མེ་ཏོག །
འཛུམ་ཆུང་དལ་གྱིས་མངོན་ནས། །
ཀུན་གསལ་ནམ་མཁའི་དབྱིངས་སུ། །
མ་བཞུགས་འདི་གར་ཕེབས་འཚལ། །

ཐུགས་བརྩེ་སྦྲང་ཆར་སིལ་མ། །
ཚོད་མེད་ཡུན་དུ་ཕོབས་དང་། །
སྙན་ཚིག་ཤོག་དཀར་ངོས་སུ། །
དགའ་སྐྱོའི་མྱོང་ཚོར་ངས་འབེབ། །

དགའ་བའི་ཡིད་འོང་འདབ་མ། །
ཁེར་སྐྱེས་ལྷ་ཡི་བུ་མོ། །
འུ་གཉིས་འཚོ་སའི་གནས་མལ། །
ལུང་པ་འདི་ཞིག་ཡིན་སྐད། །

སྐྱོ་སྐྱོ་གནང་དགོས་མ་རེད། །
རང་ཡུལ་འདི་རུ་བྱ་ཆོག །
ང་ཡི་མི་ཚེའི་ནང་དུ། །
འདང་ཆེན་ཁྱོད་ལས་སུ་མེད། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།