མེ་ཆར།
ཁ་ཁུ་སིམ་པའི་ས་སྲོད་ལ། །
རྒྱང་རིང་མིག་གི་མཐོང་ལམ་བཀག །
རྟོག་སྣང་ཡིད་ཀྱི་སྐར་ཆུང་དེས། །
སྟོང་གསུམ་རྒྱ་ཁྱོན་ཡང་ཡང་གཞལ། །
སྐར་མའི་མེ་ཏོག་དགོད་པའི་དུས། །
ལྷ་སྒྲུང་ནང་གི་མཚན་མོ་དྲན། །
ཞེན་ཆགས་གཡོ་བའི་ཟླ་གཞོན་གྱིས། །
མཚན་མོའི་གཏམ་རྒྱུད་ལྷོད་ཀྱིས་བྲིས། །
བསིལ་ཟེར་རྐང་པའི་འོད་ཞབས་ཀྱིས། །
མུན་པའི་ར་རི་ཡོངས་སུ་འཁྱུད། །
སྲོད་ཀྱི་དྲན་པ་དམར་པོ་དེ། །
ཟླ་བའི་དབྱངས་ཀྱིས་བཟི་བར་བྱས། །
དགོང་དྲོའི་མཚམས་སྤྲིན་དམར་སེར་དེ། །
ནུབ་རི་མཐོན་པོའི་ཕྲག་ཏུ་ཉལ། །
བསིལ་རླུང་འཇམ་ཤ་དལ་བུར་ལྡང་། །
སྣོད་ཀྱི་འཇིག་རྟེན་ལྷིང་འཇགས་བཏང་། །
མཁའ་མཐའི་ཉི་ཟེར་འཇམ་པོ་དེ། །
ག་ལེར་ནུབ་རིའི་ཕག་ཏུ་ཡིབ། །
མཚམས་སྤྲིན་དམའ་མོའི་འོག་རོལ་ཏུ། །
དབྱངས་སྙན་རྒྱུད་སྐུད་དལ་གྱིས་འཁྲོལ། །
འཚོ་བ་ཞིག་གི་རྒྱབ་ལྗོང་ན། །
དགའ་སྐྱོ་མོད་པོ་མི་ཡི་གཤིས། །
འཁོར་འདུས་གཉིས་ཀྱི་དོ་ར་རུ། །
དྲན་གདུང་ཞིག་གི་སྣང་བརྙན་ལུས། །
དགུ་ཚིགས་སྐྱ་མོའི་ཕ་རོལ་དུ། །
མཚན་རླུང་འཇམ་པོ་ལྷོད་ཀྱིས་ལྡང་། །
གློ་བུར་སྨྲེང་བའི་སེམས་པ་ཞིག །
གྲངས་མེད་སྐར་ཚོགས་མཉམ་དུ་གཡོས། །
དེ་ལྟར་རྟོག་པའི་འཆར་ཡན་ཞིག །
ཡི་གེར་ཕབ་པ་ཁོ་མོའི་གཤིས། །
ཐ་སྙད་རེ་རེའི་ངོ་གདོང་ལ།
བརྗོད་བྱེད་ཚིག་གི་མེ་ཏོག་འཁྲུངས། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.