ཁམས་ཟླ་སྲས། དཔལ་ཡུལ།
རེ་སྐྱིད་འཁོར་བའི་འདབས་ནས་དཀའ་སྡུག་དག །
འཛེམ་དོགས་མེད་པར་ཕྲག་ཏུ་ཁུར་མི་ལ། །
འབྲོག་སྡེ་ནོར་ཕྱུགས་གཡང་གི་ཉེ་སར་ནས། །
ཉི་ཟླའི་གཟི་དཔལ་བརྒྱན་པའི་ཡབ་ཡུམ་ཟུང་། །
དབྱར་གཞུང་སྤང་གི་འགྲམ་ནས་ཅི་དགར་དུ། །
སྐྱིད་པའི་དཔལ་ལ་རོལ་ཙམ་མ་གནང་པར། །
ཁྱིམ་གྱི་ལས་ཀ་ཡོད་ཚད་གདོང་ལེན་མཁན། །
མཛངས་པའི་ཕ་མ་སེམས་ཀྱི་ནོར་བུ་ཡིན། །
སློབ་གསོའི་མེ་ཏོག་ཕ་མས་བསྐྱེད་བསྲིངས་བྱས། །
རིགས་ཀྱི་ལོ་རྒྱུས་ཕ་མས་ཇེ་ལེགས་བཏང་། །
སྙིང་གི་བུ་ལ་འདུན་མའི་ལམ་ཁ་བསྟན། །
ཕ་མའི་ལས་དོན་ལྕི་བ་བརྗེད་ཐབས་བྲལ། །
ན་ཚོད་དར་ལ་བབ་པའི་གཞོན་ནུ་དག །
འདུས་པའི་གྲོང་ནས་ཕ་མས་བྱམས་སྐྱོང་དུས། །
རིང་ནས་ཁ་ཏ་བྱེད་པ་ཡིད་སོམས་དང་། །
མ་འོངས་འདུན་མའི་ལམ་འཕྲང་བརྒལ་དུས་ཤེས། །
ཁྱེད་གཉིས་ང་ཚོའི་སེམས་ཀྱི་སྒྲོན་མ་སྟེ། །
ཁྱེད་གཉིས་ང་ཚོའི་མུན་པ་སེལ་བྱེད་ལགས། །
ང་ཚོའི་སྙིང་སྟོབས་བསྐྱེད་མཁན་ཁྱེད་གཉིས་ཏེ། །
ང་ཚོའི་འདུན་མའི་སྙིང་བོའང་ཁྱེད་གཉིས་ལགས། །
འདུས་བྱས་མི་རྟག་འཇའ་ཡི་འོད་ཟེར་བཞིན། །
ཡུད་ཙམ་མཛེས་ལ་སྐད་ཅིག་ཡལ་འགྲོ་ཞིང་། །
འཚོ་དུས་ཕ་མའི་སེམས་དང་འགལ་བྱེད་ཀྱི། །
འོས་མེད་བྱ་བའི་ལས་དག་སྤོང་པ་གལ། །
མེ་ཏོག་ལྡུམ་རའི་ཚལ་ནས་མཛེས་པའི་ཏོག །
ས་སྟེང་སྲིད་པའི་གྲོང་གི་ཉི་ཟླ་གཉིས། །
འདྲིས་འདྲིས་ཁྱིམ་གཅིག་དུ་འང་འཛོམ་པ་ཡིས། །
ང་ཡི་མི་ཚེའི་ནང་ལ་དགོད་སྒྲས་ཁེངས། །
དུས་བཟང་དབྱར་གྱི་མེ་ཏོག་ཕྲ་ཚོམས་དང་། །
དྲུག་འགྱུར་ངག་གི་གཞས་ཆུང་རབ་སྙན་གྱིས། །
གངས་ཀྱི་འདབས་ནས་ཁྱེད་གཉིས་དགྱེས་བྱེད་དུ། །
འབུལ་བའི་བསོད་ནམས་ཐོབ་པས་དམ་འཛིན་བྱེད། །
ཞལ་འཛུམ་འཇོ་སྒེག་མ་ཡལ་རྟག་བརྟན་ཤོག །
ཚེ་རིང་ནད་མེད་གང་བསམ་དོན་འགྲུབ་ཤོག །
བརྒྱད་ཅུ་དགུ་བཅུའི་གོང་དུ་མ་སོན་པར། །
ཚེ་ལ་བར་ཆད་མེད་པའི་སྨོན་ལམ་འདེབས། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.