མཚེའུ།
རླབས་ཀྱི་བདུད་རྩི་ཁུར་བའི་མཚོ་མོའི་འཁྲིས། །
པི་ཐོགས་འཛུམ་དཀར་བཞད་པའི་ན་ཆུང་མར། །
དད་གུས་མེ་ཏོག་སོ་མ་འབུལ་ལགས་ན། །
བྱིན་རླབས་སྤྲིན་བཅུད་ཟིལ་མ་རྟག་ཏུ་འཐོར། །
ཡིད་སེམས་གངས་དཀར་རི་བོ་བརྗིད་པའི་མཁར། །
འཛུམ་དམུལ་ཚེམས་ཕྲེང་དཀར་པོ་མཁའ་ན་གཟི། །
མུ་ཏིག་དོ་ཤལ་བཅིངས་བའི་འཕྱོར་ལྡེམ་མར། །
བདུད་རྩིའི་ཡོན་ཆབ་དྭངས་མོ་ཅི་ཡང་འབུལ། །
ཡིད་འོང་འདྲེན་བྱེད་གསལ་མ་རི་དྭགས་མིག །
འཁུར་འཚུས་དམར་མདངས་བྱུ་རུ་གོར་མོའི་གཟུགས། །
མཛེས་པའི་སྨིན་མ་མིག་ཟུང་རྒྱན་དུ་བརྩེགས། །
ཞལ་སྒོར་པདྨའི་དྲི་འཐུལ་ཚངས་པའི་སྲས། །
ན་ཆུང་རྒྱུ་སྐར་བཀྱེ་དབུས་རི་བོང་འཛིན། །
གཤེར་དབེན་ཡིད་ཀྱི་ཞིང་ས་སྐྱ་བོ་རུ། །
སྙན་པའི་དབྱངས་ཀྱི་དངོས་གྲུབ་ཆར་བའི་ཟོལ། །
ཅི་ཡང་འབབ་པར་སྒུག་པར་བགྲང་ལས་གོལ། །
སྲབ་འཇམ་གོས་ཀྱི་གསང་བའི་གནས་རྣམས་འགེབ། །
བརྒྱད་གཉིས་ལང་ཚོའི་འོ་འཛིན་སྲེད་པའིརྐྱེན། །
སྙན་འཇེབས་འབྲུག་མགོ་པི་ཝང་དལ་གྱི་འཁྲོལ། །
རྒྱང་གི་མཛེས་པའི་ལྷ་མོའི་བྱད་ཆོས་རྨད། །
ནག་སྣུམ་ལན་བུ་ཉིལ་ཉིལ་ཐུར་དུ་བྲེལ། །
ཕྲ་རིང་ལུས་སྨྱུག་གོམ་ལྡེམ་བསྐྱོད་ཙ་ན། །
བུང་བ་ཆུ་སྐྱེས་ཀེ་སར་འཁོར་བ་ལྟར། །
འདོད་ལྡན་ཡིད་ཀྱི་ཤིང་རྟ་ཁྱེད་ཕྱོགས་རྒྱུ། །
སྐུ་ལུས་འགྱིང་མ་འདོད་པའི་ཆུ་གཏེར་འཁྱིལ། །
ཞལ་རས་པདྨའི་འདབ་ཁ་འཛུམ་པའི་མར། །
སྐབས་གསུམ་སྲེད་པའི་བུང་བའི་ལྡིང་བསྐོར་རྩེད། །
མཛེས་མའི་དབུ་འཁྱུད་དབྱངས་ཀྱི་མིང་འཛིན་མ། །
སྟངས་སྟབས་དཔགས་བསམ་འཁྲི་ཤིང་འཁྱུག་པའི་གར། །
མཁར་ཉལ་ཡིད་ཀྱི་དབང་པོ་རྟག་ཏུ་འཁྲེང་། །
གསུང་དབྱངས་པད་གཉེན་ཟེར་བརྒྱ་འཕྲོ་གྱུར་ན། །
མཐའ་ཀླས་རྨོངས་པའི་ཤེ་མུན་ཡུད་ཙམ་བསལ། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.