ས་སྐྱ་༸གོང་མ་རིན་པོ་ཆེའི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག་ཅོ་གའི་གྲེ་གྱུར།


རྩོམ་པ་པོ་ལྷ་སྒང་ཆོས་གྲགས།

ལུམ་བིའི་ཚལ་ལས་ཅུང་ཟད་དམན་མ་གྱུར། །
དཔལ་ལྡན་ས་སྐྱ་ཞེས་བྱའི་གནས་མཆོག་ཏུ། །
རྨད་བྱུང་ངོ་མཚར་ཐུབ་པ་ཆེན་པོ་བཞིན། །
འཁྲུངས་སོ་འཁོན་གྱི་རིགས་ལས་འཇམ་དཔལ་དབྱངས། །

ཚངས་དང་བརྒྱ་བྱིན་དྲག་པོ་སྲེད་མེད་བུ། །
ཁྱེད་སྐུ་བལྟམས་ཚེ་ཁེངས་པ་སར་ཉིལ་ནས། །
དོན་དམ་ལྷ་ཡི་ལྷ་མཆོག་འཁྲུངས་སོང་ཞེས། །
སུམ་རྩེན་བཏང་ནས་བྲམ་ཟེའི་ཁྱིམ་དུ་ཡིབ། །

སྒྱུ་སྐར་བྱེ་བའི་ཁྲོད་དུ་ཟླ་བ་བཞིན། །
གདུང་བརྒྱུད་གསེར་རིའི་དབུས་སུ་འཁོན་རིགས་ཆེ། །
ཉི་མ་སྟོང་གི་འོད་སྣང་འབར་བ་བཞིན། །
མཁས་མང་དབུས་སུ་དཔལ་ལྡན་ས་སྐྱ་བ། །

ས་ཆེན་གོང་མ་རྣམ་ལྔའི་མཁྱེན་རབ་ལས། །
འབབ་པའི་ལུང་ཆོས་མན་ངག་ཆུ་ཀླུང་ཆེ། །
གང་གི་རལ་པའི་ཀློང་ནས་ཕབ་པ་ཡིས། །
ཛ་ཧུའི་བུ་མོའི་དཔལ་ཡང་རྡུལ་ལ་འདྲེས། །

གངས་ཅན་མགོན་པོ་དགའ་བྱེད་རཱ་མ་ཎ། །
བདེན་སྐྱོང་དབུ་འོག་དཔུང་འདེགས་མཛད་པ་ལ། །
ས་སྐྱའི་བླ་མ་ཁྱེད་ལ་བསྒྲུན་དཀའ་བས། །
ཁྱེད་ནི་ལཀྵི་མ་ཎའི་དཔེ་རུ་འོས། །

ཁྱེད་ཞལ་ཉ་གང་ཟླ་བའི་དཀྱིལ་འཁོར་ལ། །
རྨད་བྱུང་མཛེས་སྡུག་མཐོང་བ་དོན་ལྡན་པ། །
སྐལ་ལྡན་འདྲེན་བྱེད་དཔལ་དུ་མི་ཟད་པར། །
རྟག་ཏུ་སྐལ་བ་བཟང་པོ་མཛད་དུ་གསོལ། །

མི་ཕྱེད་དད་པའི་མཚོ་ལས་སྐྱེས་པའི་ངག །
སྙན་པའི་པད་དཀར་སྦྲང་རྩིའི་དོག་པ་ཅན། །
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཉིན་བྱེད་ཀྱིས། །
ནམ་ཡང་རྗེས་བརྩེས་མ་ལྷོད་སྐྱོང་འཚལ་ལོ། །

བདག་སོགས་དད་ལྡན་སྤྱི་བོའི་གཙུག་གཏོར་གྱིས། །
མཆོད་འོས་ཁྱེད་སྐུ་གདོང་ལྔའི་ཁྲི་སྟེགས་སུ། །
ཞབས་པད་གསེར་གྱི་འཁོར་ལོའི་མཚན་མ་ཅན། །
མི་གཡོ་རྟག་ཏུ་བརྟན་བཞུགས་གསོལ་བ་འདེབས། །

ཨེ་མ་བཀྲ་ཤིས་བཀྲ་ཤིས་འཁྲུངས་ཚེས་ལ། །
ཨ་ཧོ་སྙན་པ་སྙན་པའི་ཉམས་འགྱུར་འདི། །
ཨ་ཨ་ལེགས་པ་ལེགས་པའི་ཚིག་སྦྱོར་གྱིས། །
ཨེ་ཨེ་མི་ཕྱེད་དད་པས་ཐོལ་ཐོལ་བྱུང་། །

        དཔལ་ལྡན་ས་སྐྱའི་༧གོང་མ་བདག་པོ་ཆེན་པོའི་སྐུའི་འཁྲུངས་སྐར་ལ་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་འདི་ཉིད་སྔ་སོར་བྲིས་ཟིན་མོད། སླར་ཡང་སྐྱབས་མགོན་གང་ཉིད་ཀྱི་འཁྲུངས་ཚེས་ཀྱི་དུས་བཟང་དགེ་བའི་ཉིན་མོ་བསུ་སྟོན་གྱི་སྙན་པའི་ངག་གི་མཆོད་དབྱངས་སུ་ཕུལ། ། ཤུ་བྷཾ།
རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*