༸གོང་བསྟོད་འཇམ་དབྱངས་དགྱེས་གླུ།

རབ་དཀར་གངས་རིའི་འོད་མདངས་འཕྲོ་བའི་འཇོ་སྒེག་ཉམས་ལྡན་ཟ་འོག་དར་གྱིས་བཀླུབས།།
རབ་སྙན་དྲི་ཟའི་རྒྱུད་མང་དཀྲོལ་ཞིང་སྙན་པའི་ངག་ལ་དབང་འབྱོར་མཚོ་བྱུང་མ།།
རབ་བསྔགས་འཁོན་གདུང་མཚན་མཆོག་གསུམ་ལྡན་རིགས་གསུམ་རྣམ་འཕྲུལ་གསེར་རིའི་ཕྲེང་བ་ལས།།
རབ་དད་༧གོང་མ་ཁྲི་ཆེན་བསྟོད་ཕྱིར་ཚངས་སྲས་ལྷ་མོ་དེང་འདིར་གཤེགས་ཤིག་ཀྱེ།།

དུས་གསུམ་རྒྱལ་བའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་ངོ་བོ་སྐྱབས་གནས་ཀུན་འདུས་ཉིད།།
རིགས་གསུམ་མགོན་པོའི་སྒྱུ་འཕྲུལ་འཁོན་གདུང་གཙང་མའི་གནས་སུ་དྲི་མེད་མཚན་དཔེ་བཞད།།
མཚན་མཆོག་གསུམ་ཞེས་པཎ་གྲུབ་ཀུན་གྱིས་མང་བཀུར་རྒྱལ་བཞིན་བསྟོད་པའི་མེ་ཏོག་འཐོར།།
རྒྱལ་བའི་ལུང་གིས་བསྔགས་པའི་གདུང་རྒྱུད་གྲུབ་ཆེན་བརྒྱད་ཅུའི་རྣམ་འཕྲུལ་དེང་འདིར་བསྟོད།།

རྒྱལ་ཀུན་ཡེ་ཤེས་ཕུང་པོ་གཅིག་བསྡུས་མཚན་མཆོག་གསུམ་ལྡན་དཔལ་ལྡན་འཁོན་རིགས་པ།།
བརྩེ་ཆེན་རྒྱལ་བའི་བསྟན་པའི་སྲོལ་འཛིན་རིགས་གསུམ་མགོན་པོའི་སྒྱུ་འཕྲུལ་འཁོན་གདུང་ཞེས།།
གངས་ཅན་ལྟེ་བ་རྡོ་རྗེ་གདན་ཞེས་གནས་མཆོག་དེ་རུ་གཟུགས་སྐུའི་མཚན་དཔེ་བཞད།།
ཨེ་མ་འོད་གསལ་ལྷ་རིགས་དམ་པ་༸སྐྱབས་མགོན་༸གོང་མ་མཆོག་ལ་སྒོ་གསུམ་འདུད།།

ཐོ༵ས་བས༵མ་སྒོ༵མ་གསུམ་གསེར་གྱི་དྭངས་རྩེ་རི་རབ་ཆེན་པོའི་གཏོས་མཉམ་ཁྱེད་འདྲ་དབེན།།
འཆ༵ད་རྩོ༵ད་རྩོ༵མ་གསུམ་མངའ་དབང་རྙེད་པའི་སྨྲ་བའི་དབང་ཕྱུག་སྙིགས་མའི་སྟོན་པ་མཆོག།
མཁ༵ས་བཙུ༵ན་བཟ༵ང་གསུམ་མངའ་བའི་བདག་ཉིད་ཆེ་དགུ་ཀུན་གྱིས་ཅོད་པན་བཞིན་དུ་བཀུར།།
ས་སྟེང་རྒྱལ་བསྟན་ཀུན་གྱི་མངའ་བདག་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པར་འདུད།།

མཁྱེ༵ན་བརྩེ༵་ནུ༵ས་གསུམ་འགྲན་ཟླ་མངའ་བའི་སྙིགས་མའི་འགྲོ་འདུལ་རྒྱལ་བའི་རྒྱལ་ཚབ་དངོས།།
ཞི༵་དུ༵ལ་ལྷོ༵ད་གསུམ་བཅོས་མིན་བདག་ཉིད་ས་བཅུའི་བྱང་སེམས་སྲིད་འདིར་བྱོན་པ་རྨད།།
ཕྱི༵་ན༵ང་གས༵ང་གསུམ་སྒོ་གསུམ་ཀུན་ལ་དྲི་མའི་གཡའ་དག་གདུལ་བྱ་འདུལ་མཁས་པ།།
ཡོངས་རྫོགས་བསྟན་པ་རྒྱ་མཚོའི་རྗེ་བོ་མཚན་མཆོག་གསུམ་ལྡན་མགོན་པོ་མཆོག་ལ་འདུད།།

སྐུ༵་མཆོག་མཚན་དཔེ་རབ་ཏུ་སྤྲས་པའི་དྲི་མེད་འཁོན་གདུང་འཇམ་དབྱངས་མི་གཟུགས་བྱོན།།
གསུ༵ང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་རྟ་འགག་མེད་རང་སྒྲ་རྟག་ཏུ་སྒྲོག་པར་མཛད།།
ཐུག༵ས་བརྩེའི་བྱམས་སེམས་བླ་མེད་མངའ་བའི་རྒྱལ་སྲས་སེམས་དཔའ་སྙིང་རྗེའི་མངའ་བདག་ཉིད།།
བཀའ་དྲིན་གསུམ་ལྡན་ཁྱབ་བདག་བླ་མ་རྡོ་རྗེ་འཆང་ཆེན་ཞབས་ལ་སྒོ་གསུམ་འདུད།།

སོར་བྱང་སྔགས་གསུམ་ཁྲིམས་ཀྱིས་མཛེས་ཤིང་སྡེ་སྣོད་གསུམ་གྱི་དགོངས་བཅུད་ཐུགས་ལ་སིམ།།
རྒྱུད་སྡེ་བཞི་དང་སྙན་རྒྱུད་མན་ངག་ཟབ་དོན་ཀུན་ལ་མི་འཇིགས་སྤོབས་པ་མངའ།།
རྣལ་འབྱོར་དབང་ཕྱུག་བི་རུ་པ་དང་ཀུན་སྙིང་ལ་སོགས་རྩ་བརྒྱུད་བླ་མ་ཡི།།
གདམས་ངག་སྙན་རྒྱུད་ཚད་མ་བཞི་ལྡན་ཐུགས་ལ་མངའ་བའི་༸སྐྱབས་མགོན་༸གོང་མར་འདུད།།

སྟོང་གསུམ་གསེར་གྱིས་བཀང་སྟེ་ཕུལ་ཡང་དྲིན་ལན་འཇལ་དཀའི་དཔལ་ལྡན་བླ་མ་མཆོག།
རྒྱལ་བའི་བསྟན་དང་འགྲོ་བའི་མགོན་དུ་སྐུ་ཚེ་མི་གཤིག་རྡོ་རྗེའི་ཁམས་སུ་བརྟན།།
རླབས་ཆེན་མཛད་ཕྲིན་མཁའ་ལྟར་ཁྱབ་སྟེ་ཐུགས་བཞེད་མཐའ་དག་འབད་མེད་ལྷུན་གྲུབ་དང་།།
ཡངས་པའི་ཁམས་ཀུན་འཚེ་མེད་ཞི་བདེའི་འོད་སྣང་དམ་པ་རྟག་བརྟན་མྱུར་འཆར་གསོལ།།

ཞེས་མགོན་པོ་གང་ཉིད་ཀྱི་དངོས་སློབ་གསེར་སྨྱུག་ཅེས་པས་ལོ་ཤས་སྔོན་ནས་བྲིས་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ཅན་རྩོམ་རྙིང་ཞིག་གིས་སྐུའི་འཁྲུངས་སྐར་བསུའོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*