གློ་བོ་རྣམ་རྒྱལ་ཆོས་སྡེར་༧ གསང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་བཀའ་ཆོས་ལེགས་པར་གྲུབ་པ།

༧ སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གློ་བོ་རྣམ་རྒྱལ་ཆོས་སྡེ་ཐུབ་བསྟན་དར་རྒྱས་གླིང་དུ་དཔལ་ས་སྐྱའི་གསང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་བཀའ་ཆོས་ལེགས་པར་གྲུབ་ལ་ཉེ་བ་དང་སྐབས་དེའི་བསྟན་འཁོར་༧ སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་བ་ཛྲ་རིན་པོ་ཆེ་མཆོག་དང་༧སྐྱབས་མཆོག་ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་སྐུ་འཁོར་གཙོས་གསང་ཆེན་རྒྱུད་གྲྭའི་མཁན་པོ་ཚེ་དགའ་སོགས་མཁན་སྤྲུལ་བརྒྱ་བརྒལ་བ་དང་ཕྱོགས་མཐའ་ཁག་ནས་སྐྱ་སེར་ཕོ་མོ་དང་བཅས་སྟོང་ལ་ཉེ་བའི་འཁོར་ཚོགས་བཅས་ལ་བོད་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་ནས་གསུང་ངག་ལམ་འབྲས་ཚོགས་བཤད་ཆེན་མོའི་སྔགས་ལམ་དངོས་གཞི་རྒྱུད་གསུམ་གྱི་གསུང་ཆོས་དབུ་འཛུགས་ཏེ་ཁ་རྩང་ལེགས་པར་གྲུབ་པར་བྱུང་།  

དེ་རིང་བོད་ཚེས་ ༡༠-༡༡-༡༢ བཅས་ཉིན་གསུམ་རིང་ཤི་གསོན་གཉིས་ཀའི་ཆེད་ཀུན་རིག་ཆོ་ག་འཚོག་རྒྱུ། ཚེས་ ༡༠ ཉིན་སྔ་དྲོ་ཆུ་ཚོད་ ༨ ནས་ཀུན་རིག་ཆོ་ག་དང་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་༧སྐྱབས་རྗེ་རྩ་བླ་དམ་པས་ཀུན་རིག་དབང་བརྒྱ་བཀའ་དྲིན་ཆེ་རྒྱུ།

ཚེས་ ༡༡ ཉིན་ཕྱག་ཚོད་ ༩ ནས་བསྟན་པའི་སྦྱིན་བདག་རྣམ་པར་ཐུགས་རྗེ་ལེགས་འབུལ་གྱིས་གསོལ་རས་བསྩལ་རྒྱུ།

དེ་མཚམས་གློ་ཤར་ནུབ་མི་མང་ལ་བཟང་པོ་རྣམ་གསུམ་གྱི་ཐང་ཀ་གསོལ་རས་བཀའ་དྲིན་ཆེ་རྒྱུ། ཚེས་ ༡༢-༡༣-༡༤-༡༥ བཅས་ཉིན་བཞི་ལ་དགེ་ཚུལ་སློང་གི་སྡོམ་པ་བསྩལ་གནང་རྒྱུ་བཅས།

གློ་བོ་རྣམ་རྒྱལ་ཆོས་སྡེ་ཐུབ་བསྟན་དར་རྒྱས་གླིང་དུ་དྲིན་ཆེན་རྩ་བླ་དམ་པ་བཀའ་དྲིན་གསུམ་ལྡན་ཅན་གྱིས་སྐྱབས་མཆོག་ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ཀླུ་ལྡིང་༸མཁན་ཆེན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་དཔལ་ས་སྐྱ་པའི་ཡབ་ཆོས་གསུང་ངག་ལམ་འབྲས་གསུངས་ཆོས་ལེགས་པར་གྲུབ་ལ་ཉེ་བ་དང་སྟབས་བསྟུན་ནས་གློ་ཡུལ་གྱི་མི་དམངས་དང་སྦྱིན་བདག་ཁག་ནས་ཇི་ལྟར་གསོལ་བ་འདེབས་པ་བཞིན།

ཕྱི་ཟླ་༨ ཚེས་༢༦ ནས་ ༢༨ བར་ཉིན་གསུམ་རིང་། 

ཉིན་དང་པོའི་ཚོགས་མགོན་དུ་༸སྐྱབས་མཆོག་ངོར་ཤར་ཆེན་ཀླུ་ལྡིང་༸མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་དབུར་བཞུགས་ཐོག་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁན་སློབ་དགེ་འདུན་འདུས་པ་ཡོངས་དང་།

ཕྱི་ཚེས་ ༢༧ དང་ ༢༨ ཉིན་མཁན་སློབ་དགེ་འདུན་འདུས་པ་ཡོངས་ནས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་འཚོགས་གཏན་འཁེལ།  

ཨོ་རྒྱན་པདྨས་བྱིན་གྱིས་རླབས་ཤིང་། ཀུན་མཁྱེན་ཨེ་ཝཾ་པའི་གདུལ་ཞིང་། གློ་བོ་ཆོས་ལྡན་གྱི་ཞིང་སར་ཆོས་རྒྱལ་ཨ་མ་དཔལ་དང་ཨ་མགོན་བཟང་པོས་རྒྱལ་བའི་ལུང་གི་ཟིན་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལན་གྲངས་གསུམ་གྱི་བར་དུ་གདན་དྲངས་ཏེ་ཡོན་མཆོད་ཀྱི་འབྲེལ་བ་དམ་ཟབ་ཏུ་བྱུང་། སྟེང་ཆེན་འདུལ་གྲྭ་དང་། བྲག་དཀར་ཐེག་ཆེན་དར་རྒྱས་གླིང་། རི་བོ་ཆེ་འཁོར་ལོ་སྡོམ་པའི་ཕོ་བྲང་། (མཁའ་སྤྱོད་རྫོང་དུ་འབོད་) དཔལ་བྱམས་པ་གཙུག་ལག་ཁང་། དཔལ་བྱམས་པ་བཤད་སྒྲུབ་གླིང་ཅེས་ཕྱག་བཏབ་སྟེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བླ་ན་མེད་བསྐོར་ཏེ་རྒྱལ་བསྟན་རིན་པོ་ཆེ་ཡར་ངོ་ཟླ་ལྟར་དར་ཤིང་རྒྱས་པར་མཛད། ལྷག་པར་ངོར་ཆེན་རྡོ་རྗེ་འཆང་རང་ཉིད་ཀྱིས་ཞལ་སྔ་ནས་གཙང་རང་རྒྱལ་མཁར་བྱ་ཕོའི་ཟེ་སྒྲོ་དང་། རི་བོ་ཆེ་འཁོར་ལོ་སྡོམ་པའི་ཕོ་བྲང་། བྲག་དཀར་ཐེག་ཆེན་དར་རྒྱས་གླིང་བཅས་སུ་ལམ་འབྲས་ཚར་གསུམ་གསུངས།  དེའི་རྗེས་སུ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་མཁན་རབས་གསུམ་པ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་རྣམ་རྒྱལ་ཆོས་སྡེའི་མཁན་པོར་བགྲང་བྱ་བཅུ་གཅིག་རིང་བཞུགས་ཏེ་ལམ་འབྲས་ལན་གྲངས་དུ་མ་བསྩལ། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་ལྡན་བི་རཱུ་པའི་རྣམ་སྤྲུལ་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་གི་དཔལ་བྱམས་པ་བཤད་སྒྲུབ་གླིང་དུ་ལམ་འབྲས་ཚར་གཉིས་དང་། འཇམ་དབྱངས་ས་པཎ་གྱི་རྣམ་འཕྲུལ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པ། 

གཙུག་རྒྱན་གྱི་ནོར་བུ། མཉམ་མེད་ཆོས་ཀྱི་རྒྱལ་པོ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་ཞལ་སྔ་ནས་གློ་བོ་ཁོ་ནར་ལམ་འབྲས་ཚར་ཉེར་གཉིས་གསུངས་པ་ལས་ཐེངས་གཅིག་རྣམ་རྒྱལ་ཆོས་སྡེར་དཔལ་ཨེ་ཝཾ་པའི་མཁན་རབས་བཅུ་པ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་གྱི་གཙོས་གདུལ་བྱ་གྲངས་ལས་འདས་པ་ལ་བསྩལ། དཔལ་བརྩེ་བ་ཆེན་པོ་ཀུན་དགའ་མཆོག་གྲུབ་ཀྱིས་ཞལ་སྔ་ནས་ལམ་འབྲས་ལན་གྲངས་འགའ་ཤས་དང་། པཎ་ཆེན་བྱམས་པ་གླིང་པ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་ཞལ་སྔ་ནས་ལམ་འབྲས་ཚར་འགའ་དང་། ཀུན་མཁྱེན་ཨེ་ཝཾ་པའི་གདན་རབས་དགུ་པ་རྒྱལ་བ་ལྷ་མཆོག་སེང་གེས་ཞལ་སྔ་ནས་དཔལ་ཐུབ་ཆེན་རྣམ་པར་རྒྱལ་བའི་གཙུག་ལག་ཁང་དུ་ལམ་འབྲས་ཀྱི་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་བསྩལ་བ་དང་། དཔལ་ལྡན་ཇོ་ནང་པའི་གདན་རབས་ཉེར་ལྔ་པ་རྗེ་བཙུན་ཀུན་དགའ་སྒྲོལ་མཆོག་གིས་ཞལ་སྔ་ནས་ལམ་འབྲས་ལན་གྲངས་དུ་མ་བསྩལ། ལྔ་བཅུ་ང་དགུ་རྗེས་སུ་རང་ཅག་གློ་བོ་དད་ལྡན་མང་ཚོགས་ལ་ངོར་ཆེན་རྡོ་རྗེ་འཆང་གཉིས་པ་ལྟ་བུའི་བཀའ་དྲིན་ཤིན་ཏུ་ཆེ་བ། བརྩེ་ཆེན་ཕྱག་ན་པདྨོའི་རིགས་ཀྱི་ཅོད་པཎ་དམ་པ། ༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཐུབ་སྟན་མཁྱེན་རབ་ལེགས་རྒྱ་མཚོས་ཞལ་སྔ་ནས་ཕྱི་ལོ་ ༡༩༦༣ ལོར་རྫོང་ཆོས་སྡེ་དང་། ཕྱི་ལོ་ ༡༩༧༧ ལོར་གཙང་རང་རྡོ་རྗེ་གདན་དུ་ངོར་ཆེན་རྡོ་རྗེ་འཆང་གི་བཞུགས་ཁྲི་རིན་པོཆེའི་སྟེང་ནས་གསུང་ངག་ལམ་འབྲས་ཚར་གཉིས་བསྩལ་བ་སོགས་སྐལ་ལྡན་གྱི་གདུལ་བྱ་རྣམས་རྗེ་བཙུན་ས་སྐྱ་པའི་གདམས་ངག་ཀུན་གྱི་ཡང་སྙིང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྒོ་ནས་སྨིན་གྲོལ་གྱི་ལམ་ལ་་བཀོད་ཅིང་ཉམས་ལེན་གྱི་སྙིང་པོར་གདུལ་བྱ་ཀུན་གྱི་རྒྱུད་ལ་འཇགས་པར་མཛད། དེ་ལྟ་བུའི་རྨད་དུ་འབྱུང་བའི་ཕྲིན་ལས་ཀྱི་མཛད་པ་སླར་ཡང་འདིར་ལོ་ཕྱི་ལོ་ ༢༠༢༣ ཟླ་བ་ ༧ ཚེས་ ༣ ནས་དབུ་ཙུགས་ནས་ཟླ་བ་ ༨ ཚེས་ ༢༤ བར་ཏེ་ཟླ་བ་གཉིས་ཀྱི་དུས་ཡུན་རིང་གདུལ་བྱ་སྟོང་ཕྲག་ཏུ་འདུས་པ་ལ། ཕྱི་ལོ་ ༡༤༤༧ ལོར་ངོར་ཆེན་རྡོ་རྗེ་འཆང་དང་ཆོས་རྒྱལ་ཨ་མགོན་བཟང་པོས་ཕྱག་བཏབ་པའི་གློ་བོའི་མཚན་ཉིད་ཀྱི་གྲྭ་ས་ཆེན་པོ་ཐུབ་བསྟན་དར་རྒྱས་གླིང་དུ་ངོར་ཆེན་རྒྱལ་བའི་རྒྱལ་ཚབ། རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། རིགས་བརྒྱའི་ཁྱབ་བདག ངེས་པ་དོན་གྱི་རྡོ་རྗེ་འཆང་༧སྐྱབས་མཆོག་༧ངོར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོས་ཞལ་སྔ་ནས་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་ཆོས་ཀྱི་དགའ་སྟོན་ཡོངས་སུ་རྫོགས་པ་བར་ཆད་ཀྱི་གེགས་ཕྲ་མོ་ཙམ་ཡང་མེད་པའི་ངང་ནས་ལེགས་པར་བསྩལ་གྲུབ། འདི་ནི་བདག་སོགས་གདུལ་བྱ་རྣམས་ལ་སྔོན་གྱི་ཡོན་མཆོད་གོང་མ་དག་གི་རྣམ་པར་ཐར་པ་རྗེས་སུ་འཛིན་པ་ལྟ་བུའི་བསྐལ་བཟང་གི་མྱོང་ཚོར་སེམས་གྱི་གཏིང་རུམ་དུ་མྱངས། སླད་མར་ཡང་དེ་ལྟ་བུ་བསྐལ་བཟང་གི་ཉིན་བྱེད་ཡང་ནས་བསྐྱར་དུ་ཤར་བའི་སྨོན་ལམ་ཟབ་མོ་རྟག་ཏུ་སློབ་འབངས་ཡོངས་ཀྱིས་བགྱིས་པའི་འབོད་བསྐུལ་ཤུགས་དྲག་བཅས་ཞེས་གསལ། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*