ཐེངས་ཤིག་མཐོང་བའི་ཁྱོད།

ཧུན • དུར་རོ། དཀར་མཛེས།

ལམ་གྱི་གཡས་དང་གཡོན་ན།།
མུན་པ་རབ་རིབ་མག་མོག།
འཛུམ་ཆུང་ཀེམ་ཀེམ་དགོད་པའི།།
ཁྱོད་རང་ལམ་འགྲམ་གན་ན།།
ཁེར་རྐྱང་ཀེར་ཀེར་འདུག་པ།།
ང་ཡི་སྙིང་གི་མཁའ་ལ།།
དལ་ཅིག་མེ་ཏོག་བཞད་པ།།

སྙིང་རྩ་ཐག་ཐག་འགུལ་བྱུང་།།
ཁྱོད་ཀྱི་གདོང་ལ་བབས་པའི།།
ང་ཡི་མིག་ཟུང་གོར་གོར།།
ཡང་ཡང་ཁྱེད་ཀྱི་བཞིན་ལ།།
ཆར་བ་ཐང་ལ་བབས་འདྲ།།
ལན་མང་འཐོར་བའི་རི་མོ།།
ཁྱོད་ལ་བག་ཆགས་ཕྲན་བུ།།
སེམས་ཀྱི་པདྨོའི་འདབ་མར།།
ཟིལ་བ་ཐར་ཐོར་འདུག་གམ།།

དགུན་ཁ་འདི་ནས་འཕྲད་པ།།
དབྱར་ཁ་འདི་ནས་ཐུག་གམ།།
སྙིང་དང་བྲང་གི་གསང་ལ།།
ཞེན་ཆགས་ཁ་བའི་འདབ་མ།།
ཡང་ཡང་འབབ་པ་སྲིད་དམ།།
ཁ་བའི་འདབ་མའི་ངོས་ལ།།
ཁྱོད་དང་ང་ཡི་མིང་བྱང་།།
ལན་མང་འབྲི་བར་བྱས་པ།།
གནམ་དང་ས་ལ་གསལ་ལོ།།

༢༠༢༣ལོའི་ཟླ་༡ཚེས༡༧ལ་མཇུག་མ་གྲུབ་ཀྱང་འབྲི་སྙིང་མི་འདོད་པའི་སེམས་ཁམས་ཤིག་འདུག་པས་ཐད་ཀར་བཞག་གོ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*