སྒོ་མོ་ཆེ་འདིས་ཐེངས་གཅིག་བསྒྲིབས།

བྲག་སྲྀན་པོ། (ལི་ཐང་།)

ཡལ་ག་འཁྱོག་པོའི་བར་ན་ཉི་ཐིག་གི།།
སྐུད་ཐག་འཐེན་པའི་ཕྱི་ནང་བར་གསུམ་དུ།།
ནགས་ཀྱི་སྒེག་མོའི་ཐུ་བ་སྤྲུགས་པ་དང་།།
དྲོད་རླུང་འཇམ་པོའི་རལ་བས་གཡོག་པར་མངོན།།
སྐབས་རེར་ཉམས་ཀྱི་ན་བུན་འཕྱུར་བ་དང་།།
ལས་སྣང་སྨུག་པའི་ཡོལ་བ་རུབ་པ་ན།།
ཤི་གསོན་རི་དྭགས་འདུས་པའི་ཐང་སྟོང་དུ།།
མྱ་ངམ་བཤུལ་རིང་བཅད་པའི་བག་མ་ཚོས།།
རེ་དོགས་ཨེ་ཡིན་སྙམ་པའི་སླེ་བོ་གཅིག།
སྡུག་ཡུས་ཨེ་ཡིན་སྙམ་པའི་ལྕི་བ་གཉིས།།
སྣང་མུན་དྲྭ་བའི་མཚམས་ཀྱི་ལྷས་འདབས་སུ།།
སེམས་པ་རི་ལ་ཤོར་བའི་བྱ་ཁྱུ་ཡང་།།
ཡི་མུག་ལྷག་རླུང་རྔུབ་པའི་རོ་བཅུད་རྫོགས།།

ད་དུང་ལྕགས་སྣས་དྲངས་པའི་གདུ་བུ་ལ།།
ལྗན་ལྗིན་ལས་ཀྱི་ཁ་ཆུའི་དཀྲིས་པའི་ཕྲ།།
མིག་གི་སྒོ་མོའི་གསེབ་ནས་མི་མཐོང་ཞིང་།།
སེམས་ཀྱི་གཞོན་ཤས་རེག་ཀྱང་མི་ཚོར་བའི།།
སྲིད་པ་ཕྲ་ཞིབ་སྤུང་པའི་ངག་སྒོ་འདིས།།
གཟུགས་ལྡེམ་སྣང་བ་འབྲིད་པའི་པི་ཝང་གི།།
ཉམས་འགྱུར་དེ་ནི་བསྲུང་བའི་རོ་བཅུད་རྫོགས།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*