རྗེ་བླ་མའི་གསོལ་འདེབས་གདུང་སེལ་མ།

ང་ཆེན་པོ།

རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས།། སྐུ་འདས་པ་མ་རེད་གྱུར་པ་རེད།། ལུས་རྡོ་རྗེ་སྐུ་ཡི་དཀྱིལ་འཁོར་དུ།། ད་གཉིས་སུ་མེད་པར་གྱུར་པ་རེད།། འདི་ངན་པ་མ་རེད་བཟང་པོ་རེད།། སྐུ་གཞོམ་གཞིག་མེད་པར་རྟག་པ་རེད།།

རྗེ་བླ་མའི་གསུང་ལ་གསོལ་བ་འདེབས།། གསུང་འགག་པ་མ་རེད་སོང་བ་རེད།། རྩ་ཡི་གེ་གསུང་གི་དཀྱིལ་འཁོར་དུ།། ད་གཉིས་སུ་མེད་པར་སོང་བ་རེད།། འདི་སྡུག་པོ་མ་རེད་ཡག་པོ་རེད།། གསུང་འགག་པ་མེད་པར་གྱུར་པ་རེད།།

རྗེ་བླ་མའི་ཐུགས་ལ་གསོལ་བ་འདེབས།། ཐུགས་ཞིག་པ་མ་རེད་གནས་པ་རེད།། ཁམས་བདུད་རྩི་ཐུགས་ཀྱི་དཀྱིལ་འཁོར་དུ།། ད་གཉིས་སུ་མེད་པར་གནས་པ་རེད།། འདི་ངན་རྟགས་མ་རེད་ཡག་རྟགས་རེད།། ཐུགས་གཉིས་མེད་ཀྱི་ཞིང་དུ་སོང་རྟགས་རེད།།

རྗེ་བླ་མའི་སྐུ་གསུང་ཐུགས་གསུམ་པོ།། དུས་ནམ་ཡང་རྒྱུན་ཆད་མེད་པའི་ངང་།། དོན་སྙིང་པོ་མཆོག་གི་དཀྱིལ་འཁོར་དུ།། ད་གཉིས་སུ་མེད་པར་རྫོགས་པ་རེད།། འདི་སྡུག་བསྔལ་མ་རེད་བདེ་བ་རེད།། མགོན་གཉིས་མེད་ཀྱི་ཀློང་དུ་བཞུགས་པ་རེད།།

སེམས་འཁྲུལ་སྣང་གཉིས་འཛིན་ཅན་པོ་དང་།། ཡིད་ཀུན་རྫོབ་སྒྲིབ་པ་ཅན་པོའི་ངོར།། རྗེ་བླ་མ་དག་པའི་ཞིང་དུ་ཕེབས།། འདི་དངོས་ཡོད་མ་རེད་འཁྲུལ་སྣང་རེད།། དོན་ངོ་མ་བླ་མའི་སྐུ་གསུང་ཐུགས།། ཆེར་ཕྲ་བའི་དབྱིངས་སུ་དག་པ་རེད།།

རྗེ་བླ་མ་ཆོས་ཀྱི་དབྱིངས་སུ་བཞུགས།། ཐུགས་བརྩེ་བས་སློབ་འབངས་ཡོངས་ལ་གཟིགས།། གནས་འཁོར་བ་གྲང་ངར་ཆེ་ན་ཡང་།། མཁན་རྒན་བུ་དྲན་དུས་དྲོད་ཀྱིས་ཁེངས།། དགུང་ཉི་མ་ཁ་ཐག་རིང་ན་ཡང་།། དྲོ་ལྷོང་ངེ་ས་ལ་བབ་པ་འདྲ།།

འདི་མི་རྟག་འཁོར་བའི་ཆོས་ཉིད་རེད།། ཡིད་སྡུག་བསྔལ་བྱས་ཀྱང་ཕན་པ་མེད།། རྗེ་བླ་མའི་ཞལ་ཆེམས་སེམས་ལ་བཞག། གཞུང་དྲང་པོས་བླ་མའི་ཞབས་རྗེས་འཚོལ།། ཁེ་སྙན་གྲགས་མི་བསམ་སེམས་ཅན་བསམ།། ཆོས་སངས་རྒྱས་བསྟན་པ་སྤེལ་བཞིན་འགྲོ།།

ཁོང་དག་པ་ལྷ་ཡི་ཞིང་ཁམས་ན།། དུས་རྟག་ཆད་མེད་པར་བཞུགས་པ་འདི།། སེམས་དག་པ་སྐུ་བཞིའི་ཕོ་བྲང་ན།། དུས་འབྲལ་བ་མེད་པ་གནས་པའི་རྟགས།། འདི་འབད་པ་བསོད་ནམས་ཅན་པོ་དང་།། བུ་ཤེས་རབ་ཅན་པོས་རྟོགས་པར་འགྱུར།།

སྐུ་སྣང་བ་དབྱིངས་སུ་དག་པ་འདི།། གསུང་གྲགས་སྟོང་སྐྱེ་བ་མེད་པ་དང་།། ཐུགས་རྡོ་རྗེའི་ཁམས་སུ་རྫོགས་པའི་རྟགས།། འཁོར་སློབ་འབངས་དད་པ་ཅན་པོ་དང་།། བུ་དམ་ཚིག་ཅན་པོའི་སེམས་ནང་ན།། དུས་ནམ་ཡང་རྟག་པའི་སྐུ་རུ་གྱུར།།

ད་འདི་ནས་བྱང་ཆུབ་སྙིང་པོའི་བར།། སེམས་འོད་གསལ་དབྱིངས་ཀྱི་གུར་ཁང་ན།། རྗེ་ཁྱེད་ཀྱི་ཐུགས་དང་བདག་གི་སེམས།། དུས་རྟག་ཏུ་འབྲལ་བར་མེད་པར་སྨོན།། ཡིད་དད་གསུམ་གདུང་བས་འབོད་ལགས་ན།། ཐུགས་བརྩེ་བས་རྒྱུན་དུ་བསྐྱང་བར་མཛོད།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*