ཀྱེ་མ་དགྲ་བཅོམ་ཆེན་པོ་གང་དུ་བཞུད།


འོད་གསལ་རླངས་ཀྱི་རྒྱུད་ལས་འཁྲུངས་པ་ཡི། །
ཤར་ཆེན་ཀླུ་ཡི་མཚན་གྱི་ཅོད་པཎ་ཆེ། །
བརྩེ་ཆེན་བསྟན་པའི་རྒྱན་དུ་སྒྲེང་མཁས་པ། །
འཇམ་དབྱངས་བསྟན་པའི་ཉི་མའི་ཞབས་ལ་འདུད། །

འཕགས་པ་རྟ་ཐུལ་ལྟ་བུའི་གནས་བརྟན་ཁྱེད། །
གློ་བུར་ཞིང་གཞན་གཤེགས་པའི་གཏམ་ངན་གྱིས། །
སློབ་ཚོགས་སྙིང་ལ་བྱིན་པའི་ན་ཟུག་ནི། །
ཚིག་གི་ལམ་ནས་མཚོན་དུ་ག་ལ་ཡོད། །

དེ་ལྟ་ནའང་འདྲེན་པ་ཁྱེད་ཉིད་ཀྱིས། །
བསྟན་པ་བསྐྱངས་ཤིང་འགྲོ་བ་བདེ་སླད་དུ། །
དགྲ་བཅོམ་ཆེན་པོར་བཞུགས་པའི་མཛད་རྗེས་ཀྱིས། །
རིས་མེད་བསྟན་འཛིན་ཚོགས་དབུགས་དབྱུང་བྱིན། །

ཀྱེ་མ་རྡོ་རྗེ་གདན་གྱི་ཕང་བ་ནས། །
ཁྱེད་སྐུའི་ཉིན་བྱེད་ནུབ་རིར་ཡིབ་ནའང་། །
ཟག་མེད་ཐུགས་རྗེའི་ནམ་མཁའ་ཡངས་པོ་ནི། །
བརྩེ་ཆེན་བསྟན་པའི་སྒྲོན་མེར་རྟག་བཞུགས་ཤོག །

གནས་བརྟན་འདུལ་འཛིན་བྱེ་བའི་མཁན་པོ་སྟེ། །
རིག་པ་འཛིན་པའི་དབུས་ན་རྡོ་རྗེ་འཆང་། །
ཕྱི་རུ་ཉན་ཐོས་སྤྱོད་པའི་རྒྱན་མཛེས་ཤིང་། །
ནང་དུ་འདུས་པའི་དོན་བརྩོན་ཨེ་མ་ཧོ། །

དམ་ཆོས་འདུལ་བ་སྤྱན་ལས་གཅེས་པར་བསྲུངས། །
བྱང་ཆུབ་སེམས་སྡོམ་རྟག་ཏུ་མི་ཉམས་སྤེལ། །
གསང་སྔགས་དམ་ཚིག་སྲོག་ལས་གཅེས་མཛད་པའི། །
མཁན་ཆེན་བདེ་བར་གཤེགས་པ་དེང་འདིར་དྲན། །

རབ་འབྱམས་ཐུགས་ཀྱི་དགོངས་པ་རྫོགས་གྱུར་ཅིག །
སྐྱེ་བའི་ཕྲེང་བར་རྗེས་སུ་འཛིན་གྱུར་ཅིག །
མི་འགྱུར་ཆོས་འཁོར་རྟག་ཏུ་བསྐོར་གྱུར་ཅིག །
སྨོན་པའི་དོན་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག །

ཅེས་པའང་འདུལ་འཛིན་བྱེ་བའི་གཙུག་ནོར་༧སྐྱབས་མཆོག་༧ངོར་༧ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་རྡོར་གདན་གཟིམ་སྤྱིལ་དུ་སྐུ་ཞི་བར་གཤེགས་པ་ཐོས་རྗེས་གང་གི་མགོན་པོ་གང་ལས་ཟབ་ཆོས་མང་དུ་ཐོས་པའི་སྐལ་བ་ཅན་ཨ་འདུས་པས་ཤིན་ཏུ་དད་པས་བློས་སྦྱར་བ་དགེའོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*