འཁོར་འདས་དབྱེར་མེད་ཀྱི་མཎྜལ་ལ་མཇལ་བའི་ཟིན་ཐོ།

(འཇམ་དབྱངས་ལ་འཇམ་དབྱངས་ཀྱིས་བརྟན་བཞུགས་པའི་ཕུལ་བའི་དྲན་རྟེན།)

རྩོམ་པ་པོ། དགེན་སྐལ་བཟང་རྒྱལ་མཚན།

དེ་རིང་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་༧སྡེ་དགེ་བའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཚབ་ཞུས་ཏེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་མཎྜལ་གྱི་བཤད་པ་ཕུལ་སོང་། མཎྜལ་ལྗགས་བཤད་གནང་ལུགས་དེ་དུས་རྒྱུན་དང་མི་འདྲ་བར་ཧ་ཅང་དམིགས་བསལ་ཞིག་ཏུ་མཇལ། དེ་ལ་ཁོང་སྒེར་ངོས་ནས་རྒྱུ་མཚན་མང་པོ་ཡོད་སྲིད་ནའང་། ང་རང་གི་ལྟ་ཚུལ་གཅིག་ནི། རིན་པོ་ཆེ་མཆོག་གིས་མི་དཀྱུས་མ་ཚོའི་ཆེད་དུ་མཎྜལ་གྱི་སྔོན་འགྲོའི་བཤད་པ་ཕུན་ཚོགས་ལྔ་ལྡན་དེ་ཚིག་སྦྱོར་གྱི་ཆ་ནས་ཧ་ཅང་གོ་བདེ་མོ་དང་། ནང་དོན་གྱི་ཆ་ནས་ཧ་ཅང་གི་གཞི་རྒྱ་ཆེན་པོ། ཚིག་སྦྱོར་སྤེལ་ལུགས་ཀྱི་ཆ་ནས་དུས་རྒྱུན་གྱི་གཏམ་བཤད་ལྟ་བུའི་རྣམ་པར་མཛད་པས། ཉན་མཁན་གྱིས་ཡིད་ལ་འཛིན་བདེ་བ་ཞིག་ཡིན།

གཞན་ཡང་། ཕྱི་ནས་བལྟས་ན་ནང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛེས་སྡུག་མ་ལུས་པའི་གཏིང་མཐའ་ཇི་ལྟ་བ་བཞིན་སྐད་ཅིག་གིས་དཔོགས་ཐུབ་ཅིང་། ནང་ནས་བསམ་ན་སྒྱུ་ལུས་རྟེན་འབྲེལ་གྱིས་བཞག་པའི་མཐའ་མེད་པའི་སྣང་སྲིད་ཀྱི་དཔལ་ཡོན་ཇི་སྙེད་རི་མོར་བྲིས་པ་བཞིན་གསལ་ཡོང་བ་ནི་ཁོང་གི་རྣམ་དཔྱོད་ཀྱི་སྤྱི་འགྲོས་རེད། མ་གཞི་ནས་ཁོང་ནི་འཇམ་དཔལ་དབྱངས་དངོས་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་གིས་ངོས་འཛིན་བཀའ་ཡིག་སྩལ་ཡུལ་གྱི་སྤྲུལ་སྐུ་ཐོག་མ་ཡིན་པས་དེ་འདྲ་ཞིག་ཡིན་ལོས་ཀྱང་དགོས་ཏེ། འཇམ་དབྱངས་ནི་ནམ་ཡང་འཇམ་དབྱངས་རང་ཡིན་པས་སོ། །

ཁོང་གིས་ཕུན་ཚོགས་ཞེས་པའི་གོ་བ་དེ་མིང་དང་གོ་ས། ཟས་དང་ནོར་འཛོམས་པ་ཙམ་ཟེར་རྒྱུ་མ་ཡིན་པར། གཙོ་བོ་ཉོན་མོངས་ལས་སངས་ཐུབ་པ་དང་། མཐའ་མེད་པའི་ཤེས་བྱ་ལ་བློ་གྲོས་ཀྱི་པདྨོ་རྒྱས་པ་ཞིག་བྱུང་ན་ཕུན་སུམ་ཚོགས་པ་ཡིན་གསུངས་པ་ཅི་འདྲའི་ཟབ་ཨང་།

དེ་བས་ཀྱང་ངོ་མཚར་ཞིང་། ཟབ་ཅིང་རྒྱ་ཆེ་བ་ནི། དུས་ཚོད་དང་། ཕྱོགས་མཚམས། ལེགས་ཉེས་དང་། མཐོ་དམན། ཡག་བཙོག་དང་། ཐོབ་ཤོར། ཆགས་སྡང་སོགས་གཉིས་འཛིན་གྱིས་བཞག་པའི་མིང་ཚིག ཕྱི་ནས་བརྗིད་ཡེར་ཞིང་། དོན་ལ་གསོག་གསོབ་པ་འདི་དག་གིས་ང་ཚོ་བཙོན་དུ་བཅུགས་པའི་བརྒྱུད་རིམ་ལ་གསལ་བཤད་དང་། དྲན་སྐུལ་གནང་ཚུལ་དེ་རེད།

ངས་མུ་མཐུད་ནས་རྣ་བ་བླགས་ཏེ་ཁོང་གི་མཎྜལ་ལྗགས་བཤད་ལ་ཉན་པ་ཡིན། ཁོང་གི་རྣམ་དཔྱོད་ཀྱི་ཁུགས་སོ་རེ་རེ་ན། ཆོས་ཀྱི་གྲགས་པ་དང་ས་པཎ་གྱི་རིགས་ལམ་ཁྲིག་སེ་སིམ་ཡོད་ལ། ཁོང་གི་དད་མོས་དང་ཡིད་ཆེས་ཀྱི་བུ་ག་རེ་རེ་ན། གྲུབ་བརྒྱའི་སྤྱི་མེས་བིར་ཝ་པ་དང་ན་རོ་པའི་སྣང་སྲིད་རོ་མཉམ་གྱི་མངོན་རྟོགས་ཟབ་མོའི་ཉིང་བཅུད་དྲོད་ལམ་མེར་འཁྱིལ་ཡོད།

ཁོང་གིས་དབང་ཆ་དང་གཡོ་ཅུས། ཁ་ཕོ་རུས་དང་ཕྱོགས་རིས་ཀྱིས་བསྟན་པ་མི་ཟིན་ལ། སྡུག་སྐད་བརྒྱབ་པས་བསྟན་པ་དེ་བས་ཀྱང་མི་ཟིན་གསུང་གི་འདུག དེ་ནི་ཧ་ཅང་བདེན་ཏེ། མིག་སྔའི་ཁོང་གི་རྣམ་ཐར་ལ་བསམ་ཡང་རང་དོན་དུ་ཚུལ་འཆོས་མཛད་པའི་ལེའུ་ཞིག་མཇལ་དུ་མེད་པར་མ་ཟད། ཁོང་ནི་ནམ་ཡང་བསམ་གཞིགས་ཀྱི་ཀློང་ནས་བསྟན་པའི་ཉིན་བྱེད་འཆར་ཚུལ་ཁོ་ནར་བྲེལ་ནས་ཡོད།

དེར་བརྟེན་ད་ནི་རྒྱལ་བསྟན་འཛིན་རིན་པོ་ཆེ་འཛིན་ཐུབ་མཁན་གཅིག་ཡོད་པ་ནི། ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་གང་ཉིད་སྐུ་གཟི་འོད་ལྷམ་མེར་བཞུགས་དགོས་པ་དེ་གཅིག་པུ་ཡིན་ཞེས་གསུངས་སྐབས། ངའི་མིག་ཟུང་མཆི་མས་བརླན་ཤུགས་ཆེ་རུ་སོང་བས། གནས་སྐབས་རིང་མདུན་གྱི་གསེར་ཁྲི་བརྗིད་ཉམས་ཅན་དེ་ཡང་རེ་ཞིག་མི་མངོན་པར་གྱུར་སོང་།

མདོར་ན། ཁོང་གིས་མཎྜལ་གྱི་བཤད་པ་འདི་ནི། ཐུབ་བསྟན་རིས་མེད་ཀྱི་སྨོན་ལམ་ཞིག་ཏུ་གྲུབ་ཡོད་ལ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཞིག་ཏུ་ཡང་གྱུར་འདུག དེ་བས་ཀྱང་བླུན་པོ་བདག་དང་བདག་ལྟ་བུ་ཚོར་འཇིག་རྟེན་འཁྲུལ་སྣང་ཡིན་པའི་མིག་རྒྱ་བསྐྱེད་ཅིང་། འཁྲུལ་སྣང་རང་སེམས་ཡིན་པའི་གསལ་འདེབས་ཐུབ་པ་ཞིག་ཡོད།

རང་ཅག་༧སྐྱབས་མགོན་༧གོང་མའི་སྐྱབས་འོག་ཏུ་ཚུད་པ་འདིས་དབུགས་ཀྱི་རྒྱུ་བ་རེ་རེས་ཀྱང་ཚད་མེད་པའི་བསོད་ནམས་འཕེལ་ཞིང་། ཡང་དག་པའི་རྟེན་འབྲེལ་མཐོང་བའི་ལམ་བུ་རེ་རེར་མིག་ཟུང་ཅེར་རྒྱུའི་གོ་སྐབས་ཐོབ་ཡོད་སྙམ་པའི་མོས་གུས་གཙང་མ་དེས། ཁོང་གི་ལྗགས་སྩལ་དང་། བློ་གྲོས། ཐུགས་སྤོབས། གསུང་དབྱངས་ལ་རྣ་བ་གཏད་ཀྱིན་གཏད་ཀྱིན་རེ་ཞིག་ན་གཉིས་འཛིན་གྱི་བློ་ཡང་འགག་འགྲོ་ཨང་སྙམ་པའི་སྤྲོ་སྣང་དང་སྤོབས་སེམས་ཟུང་འབྲེལ་ཞིག་སྩལ་བྱུང་ངོ་། །

རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་མནྜལ་ལྗགས་བཤད་ལ་ཉན་པའི་སེམས་ཚོར་དེ་རིང་གི་ཉིན་ཐོའི་ཚབ་ཏུ་རྡོར་གདན་དང་ཉེ་བའི་རང་གནས་སྐྱིད་པའི་གྲོང་དུ་ཨ་འདུས་པས་ཤར་མར་བྲིས་སོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*