གནས་མཆོག་རྡོ་རྗེ་གདན་དང་འབྲེལ་བའི་རྒྱུས་ཤེས།

The side view of the stupa at Mahabodhi Temple Complex in Bodh Gaya, India. The Mahabodhi Vihar is a UNESCO World Heritage Site.

མུ་འགོད། ཚན་པ་གཉིས་པ།

གཉིས་པ། དྲན་འོས་པ་ནི་སངས་རྒྱས་སོ།

༡] གོ་སྐབས་ནི་གསེར་ཡིན།

ང་ཚོ་སུ་ཞིག་ཡིན་རུང་རྡོར་གདན་དུ་འབྱོར་ཐེངས་རེ་རེ་བཞིན། ཆེས་ལེགས་པའི་གོ་སྐབས་ཤིག་ལོངས་སུ་སྤྱོད་ཆོག་ཆོག་ཡོད་པ་ནི། ཉིན་རེ་བཞིན་ཐོ་རངས་སྔ་མོར་མལ་ལས་ལྡང་བ་དང་། བཤེས་སྤྲིངས་སོགས་ལས་གསུང་པ་ལྟར་གདོང་དང་སོ་ཡི་དྲི་ལེགས་པར་བཀྲུས་རྗེས། སེམས་ཀྱི་དད་པ་དང་། ཡིད་ཆེས། ལུས་ཀྱི་ཕྱག་དང་སྐོར་བ། ཐ་ན་མཆོད་པའི་ཡོ་བྱད་མེ་ཏོག་རྐང་རེ་ལས་མ་ནུས་ཀྱང་ཁྱེར། སྲིད་ན་དཀོན་ཞིང་མཐོང་ན་མི་མཐུན་པ་མེད་པ། དད་པའི་མོས་པ་རྣམས་མངོན་པར་དགའ་འཇུག་མཁན་གྱི་ཐུབ་སྐུ་རིན་པོ་ཆེའི་གསེར་ཞལ་མཇལ་བར་བསྐྱོད་རྒྱུ་དེ་དང་། ཐུབ་སྐུའི་མདུན་དང་བྱང་ཆུབ་ཤིང་དྲུང་ནས་དཀོན་མཆོག་རྗེས་དྲན་བྱ་རྒྱུའི་དུས་ཚོད་ཅིག་ཡོད་པ་དེ་ཡིན།

ལར་ནས་བསླབ་ལ་བརྩོན་པའི་ཆོས་ཀྱི་བཤེས་གཉེན་བགྲེས་པ་དག་གིས་ནི་ཉིན་རེ་བཞིན་མདོ་ལས་གསུངས་པ་ལྟར་དཀོན་མཆོག་རྗེས་དྲན་གྱི་སྒོ་ནས་འཕྲལ་ཕུགས་གཉིས་ཀར་བསོད་ནམས་ཟད་མི་ཤེས་པ་གསོགས་དང་གསོག་བཞིན་པ་སྨོས་མ་དགོས་ཀྱང་། དད་པ་ཡོད་ཀྱང་། བརྩོན་པ་དང་བསོད་ནམས་དམན་པའི་འོ་ཅག་ལས་དང་པོ་བ་རྣམས་ཀྱིས་ནི། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོར་གྱུར་པ་རྫོགས་པའི་སངས་རྒྱས་དང་། དེས་གསུང་པའི་འཚེ་བ་མེད་པའི་ཆོས། ཆོས་དེ་ཉིད་ཉིན་རེ་བཞིན་ཉམས་སུ་ལེན་པའི་གྲོགས་དགེ་བ་ལ་འདུན་པ་ཅན་སྟེ་མཆོག་གསུམ་གྱི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལས་ཕྲན་བུ་རེ་ཡིད་ལ་བྱ་སླད། གསེར་ལས་དཀོན་པའི་དུས་ཚོད་ཐུང་ངུ་འདི་ཆུད་ཟོས་སུ་གཏོང་མི་རུང་ངོ་། །

༢] སངས་རྒྱས་རྗེས་དྲན་བྱ་ཚུལ།

སྤྱིར་དེང་གི་དུས་སུ་སངས་རྒྱས་རྗེས་དྲན་བྱ་ཚུལ་ལ་སྣ་ཚོགས་ཤིག་ཡོད་ཆོག་ཅིང་། དེ་ཉིད་ཧ་ཅང་རུང་བ་ཡང་ཡིན་ཏེ། དཔེར་ན། སྒྱུ་རྩལ་གྱི་ཁྱབ་ཁོངས་ནས་གཞས་པས་བསྟོད་གླུ་ལེན་པ་དང་། རི་མོ་བས་རི་མོའི་ངོ་བོར་འབྲི་བཞེངས་བྱེད་པ། སྙན་ངག་པས་སྙན་ཚིག་གི་ལམ་ནས་བསྟོད་པ་རྩོམ་པ། རོལ་མོ་བས་གླིང་བུ་དང་རོལ་དབྱངས་ཀྱིས་མཆོད་པ། ལྷ་བཟོ་བས་རྡོ་དང་འཇིམ་པ། ཤིང་སོགས་ཀྱིས་སྐུ་བརྙན་བཞེངས་སྐྲུན་བྱེད་པ་དང་། ནུབ་ཕྱོགས་པ་དང་། ཐེ་ལཎྜི་བ་རྣམས་ཀྱིས་རང་གི་ལུས་ཀྱི་ཆ་ཤས་སུ་རི་མོར་བྲིས་ཏེ་རྗེས་དྲན་བྱེད་བཞིན་ཡོད།

ནང་པའི་ལྟ་གྲུབ་མཁས་པ་རྣམས་ཀྱི་རྗེས་དྲན་བྱ་ཚུལ་གྱི་དཔེ་མཚོན་ཇི་ལྟ་བུ་སྙམ་ན། རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པ་ལས། མཛད་པ་ཀུན་ལས་གསུང་གི་ནི། ། མཛད་པ་ཡིན་ཕྱིར་མཁས་པ་ཡིས། ། འདི་ལས་སངས་རྒྱས་རྗེས་དྲན་བྱོས། ། ཞེས་གསུངས་མོད། དཔལ་ཆོས་ཀྱི་གྲགས་པས། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ཡོན་ཏན་རྣམས། ། ཞེས་སོགས་གསུངས་པ་དང་རྗེས་སུ་མཐུན་པར། སྐྱེ་བོ་ཕལ་མོ་ཆེ་ནི། རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པས་མཛད་པའི་དགོངས་འགྲེལ་གྱི་བསྟན་བཅོས་ཁག་ལ་ཐུགས་སྣང་མཛད་པའི་བསོད་ནམས་དང་། བློ་གྲོས། སྐལ་བ་སོགས་མེད་དོ་སྙམ་ནས་སེམས་ཁོང་དུ་ཆུད་པ་ཡང་བྱ་མི་དགོས་ཏེ། ཞིབ་ཏུ་དཔྱད་ན། ཆོས་ཞེས་པ་ཡུན་རིང་མོ་ཞིག་ལ་བསྒོམས་ན་གྲུབ་འབྲས་ཆེ་བ་དང་། ཅུང་ཟད་ཅིག་ལས་མ་བསྒོམས་པས་སྤུས་ཀ་ཞན་ངེས་པ་ལྟ་བུ་མ་ཡིན་པས། ད་ལན་གཅིག་པུར་དུས་ཚོད་ཐུང་ངུ་རེར་བསྒོམས་ཀྱང་། རང་གི་དད་པས་འཇོན་ན་དེས་ཚོགས་ཆེན་པོ་རྫོགས་པ་ལ་ཐེ་ཚོམ་མི་དགོས་པ་སྔོན་བྱོན་དམ་པའི་རྣམ་ཐར་ལས་ཀྱང་ཤེས་སོ། །

དེས་ན། དཀོན་མཆོག་རྗེས་དྲན་གྱི་མདོ་ལྟ་བུའི་རེའི་ཚིག་དོན་ལ་ཞིབ་མོའི་བློས་ཅུང་རེ་བསམ་ཐུབ་ན་ནི་རབ་དང་། དེ་ལྟར་མ་ནུས་ཀྱང་། མགོན་པོ་ཀླུས་མཛད་པར་གྲགས་པའི་ཐབས་མཁས་ཐུགས་རྗེ་མ་དང་། ས་པཎ་གྱིས་མཛད་པའི་ཐུབ་བསྟོད་གང་ཞིག་བྱང་ཆུབ་མ་དང་། ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོ་པ་ལྟ་བུའི་ཐུབ་པའི་མཛད་ཆེན་ཁག་གི་བསྟོད་པ་བསྡུས་པ་རེ་ཚིག་དོན་རྗེས་འབྲེལ་གྱི་བློས་ཡིག་ངག་གང་རུང་ནས་འདོན་ཐུབ་ན་འབྲིང་དང་། མ་མཐར་ཡང་ཕྱི་ནང་གི་ཁྱད་པར་ངོས་ཟིན་པའི་ཐོག་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་སྣ་རེ་ཤེས་པར་བྱས་ཏེ། སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་ཚིགས་བཅད་པ་གཅིག་ལས་མ་བཏོན་ཀྱང་མགོ་སེམས་བསྐྱེད་དང་། མཇུག་བསྔོ་བས་ཟིན་པ་ནི་ཤིན་ཏུ་གལ་ཆེའོ། །

སྨྲས་པ།

མཁས་པ་རྣམས་ཀྱིས་གསུང་གིས་རྗེས་དྲན་བྱེད། །

བྱིས་པ་ཕལ་ཆེར་མེ་ཏོག་འཐོར་བར་བྲེལ། །

སྒྱུ་རྩལ་མཁན་གྱིས་ཚིག་དང་རི་མོར་བཞེངས། །

བླུན་པོ་བདག་ཀྱང་དེ་ཡི་ལད་མོར་ཞུགས། །

ལེའུ་ཚན་གསུམ་པ།

“ རྡོ་རྗེ་གདན། ” གྱི་མིང་བརྡའི་གོ་བ།

དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ཁྲོད་དུ་ནང་པ་ཡིན་མིན་དང༌། དད་སེམས་ཡོད་མེད་ལ་མ་ལྟོས་པར་མི་མང་པོ་ཞིག་ལམ་ཐག་རིང་པོའི་དཀའ་ངལ་ལ་མ་འཛེམ་པར་སངས་རྒྱས་ཀྱི་ངོ་མཚར་བའི་མཛད་པས་ཡིད་དྲངས་ཏེ་ཤར་ནུབ་གང་ས་ནས་གནས་མཆོག་འདི་མཇལ་བར་ཡོང་གི་ཡོད་ཅིང་། དེ་དག་གི་ཁྲོད་དད་པ་ཁོ་ན་གཙོར་འདོན་བྱེད་པའི་ཉམས་ལེན་པ་དང་། ཤེས་རབ་ཁོ་ནས་དཔྱད་པ་གཏོང་བའི་དེང་རབས་ཉམས་ཞིབ་པ་དང་། ཡུལ་སྐོར་སྤྲོ་འཁྱམ་པ་སོགས་ཀྱང་ཚུད་ཡོད། དེང་གི་མི་ཕལ་མོ་ཆེར་གནས་འདིར་སྟོན་པ་སངས་རྒྱས་པའི་གནས་ཚུལ་སྤྱི་བམ་པ་ཙམ་ལས་ལོ་རྒྱུས་ཀྱི་ངོས་གཞན་དང་གཞན་ལ་དོ་སྣང་ཞིབ་མོར་ཆེར་བྱེད་པའི་སྲོལ་མེད་པ་འདི་ཅུང་ཡ་མཚན་པའི་གནས་ཡིན།

བསྐལ་བཟང་འདིར་སངས་རྒྱས་སྟོང་རྩ་གཅིག་གང་དུ་མངོན་པར་འཚང་རྒྱ་བའི་གནས་མཆོག་འདིར་ “ རྡོ་རྗེ་གདན། ’’  ཞེས་ཐོག་ཚུལ་ཐད། སྔོན་གྱི་མཁས་པ་ཚོར་བཞེད་སྲོལ་གཉིས་སྣང་སྟེ། རྡོ་རྗེ་གདན་གྱི་རྣམ་བཤད་རྒྱན་གྱི་མེ་ཏོག་ལས། “ ས་ཕྱོགས་རྡོ་རྗེའི་རྣམ་པ་ཅན། །རང་དང་གཞན་གྱིས་མི་འཇིག་པ། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས་བྱུང་བ། དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྡོ་རྗེ་རྒྱ་གྲམ་དུ་གནས་པའི་ལྟེ་བ་ལ། བྱང་ཆུབ་ཀྱི་ཤིང་སྐྱེས་པ། རྡོ་རྗེའི་རྩེ་མོ་བཞིའི་ཐད་ཀ་ན་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་ཡོད་པར་ཉན་ཐོས་རྣམས་འདོད་དོ། ། ” ཞེས་དང༌།

ཡང་དེ་ཉིད་ལས། “ ཐེག་ཆེན་པ་རྣམས་ནི། རྡོ་རྗེ་རྩེ་ལྔ་པ་ལངས་ནས་ཡོད་པའི་ཁོང་སེང་ནས། བྱང་ཆུབ་ཀྱི་ཤིང་བྱུང་བ་རྭ་བཞི་ལ་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་ཡོད་པར་འདོད་དོ། །དེ་ནི་ཁྲི་འཕང་མེད་པའི་མཆོད་རྟེན་བུམ་པ་བུམ་རྟེན་འདོམ་གསུམ་པ་འཁོར་ལོ་རྡོ་རྗེས་མཚན་པ་བཞི་པོ་དེའི་བར་ན་མདའ་རྒྱང་འབྲིང་པོ་ཙམ་རེ་ཡོད་དོ། ། ” ཞེས་རྡོ་རྗེ་གདན་གྱི་ཕྱིའི་ཆགས་དབྱིབས་ཚད་གཞི་དང་བཅས་གསུངས་པ་དང༌།  གང་དུ་གནས་པའི་ཡུལ་གྱི་ཁྱད་པར་ནི། འཛམ་བུ་གླིང་གི་དཀྱིལ་ན་ཡོད། ” ཅེས་གསུངས་ཤིང༌། ཡོན་ཏན་གྱི་ཁྱད་པར་ནི། “ བསྐལ་བཟང་སངས་རྒྱས་སྟོང་མངོན་འཚང་རྒྱ་ཡུལ་ཡིན་པ་དང༌། བསྐལ་བ་འཇིག་པའི་མེ་ལ་སོགས་པས་ཀྱང་འཇིག་པར་མི་ནུས་པར་གསུངས་ཤིང༌། དེ་ནི་ཐེག་པ་ཐུན་མོང་གིས་འདོད་ ” ཚུལ་བྲིས་ཡོད། དེ་ལྟར་རྡོ་རྗེ་གྱི་གནས་ཡིག་ཁག་ལ་མཇལ་སྐབས་ཁོ་བོར་དམིགས་བསལ་གྱི་སེམས་ཚོར་ཞིག་བྱུང་བ་ནི། “ རྡོ་རྗེ་གདན། ’’ ཞེས་པ་དེ་དེང་སྐབས་ང་ཚོའི་མིག་ལམ་དུ་མངོན་བཞིན་པའི་གཏོར་གཟུགས་ཅན་གྱི་མཆོད་རྟེན་འདིར་ངོས་འཛིན་བྱེད་རྒྱུ་མ་ཡིན་པར། དེའི་རྟེན་གཞིར་གྱུར་ཞིང་བྱང་ཆུབ་འཁྲི་ཤིང་གང་ནས་འཁྲུངས་པའི་ས་འོག་ཏུ་གདན་གྱི་རྣམ་པར་ཡོད་པའི་རྡོ་རྗེ་རྩེ་ལྔ་པ་དེར་ངོས་འཛིན་དགོས་སྙམ།

གཞན་དུ་ན། རྡོ་རྗེ་གདན་མཚོན་བྱེད་ཀྱི་མཆོད་རྟེན་ནི་བསྐལ་བ་འཇིག་པའི་མེ་ཙམ་དུ་མ་ཟད་ཁ་ཆེའི་དམག་དཔུང་སོགས་ཀྱིས་ཀྱང་སྔ་ཕྱིར་བཅོམ་པའི་གཏམ་གྱི་ཕྲེང་བ་ལོ་རྒྱུས་ཡིག་ཚང་དུ་གསལ་བོར་འཁོད་པས་ཀྱང་ཤེས་ལ། དེ་བས་ཀྱང་རྡོ་རྗེ་གདན་གྱི་གོ་བ་རྣལ་མ་ནི། སྲིད་པའི་རྩེ་མོའི་རྣམ་པ་དགུ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་གྱི་ཏིང་ངེའི་འཛིན་སྟོབས་ཆེ་ཤོས་དེས་ཕྲ་རྒྱས་མ་ལུས་པ་འཇོམས་པར་བྱེད་པའི་ཕྱིར་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་གསུངས་ཤིང་། གནས་འདི་ཏིང་ངེ་འཛིན་དེ་ཉིད་དུ་མངོན་དུ་བྱེད་པའི་རྟེན་ཡིན་པས་ན་ “ རྡོ་རྗེ་གདན་ ” ཞེས་བཏགས་སོ་ཞེས་སྨྲས་ཀྱང་ཐལ་མི་ཆེ་སྙམ་མོ། །

ཚུལ་འདིས་ “ རྡོ་རྗེ་གདན། ” ཞེས་པའི་མིང་བརྡའི་གོ་དོན་བཤད་ཟིན་ནས། ད་ནི་རང་ཉིད་ཀྱི་མྱོང་ཚོར་དང་འབྲེལ་བའི་སྐོར་ཅུང་ཟད་ཅིག་བྲི་བ་ལ། གནས་མཆོག་འདི་ནི། རང་རེའི་ལོ་རྒྱུས་རྣམས་སུ་གནའ་སྔ་མོ་ནས་རྒྱ་གར་གྱི་ཡུལ་དབུས་ཞེས་འབོད་སྲོལ་ཡོད་པ་བཞིན། དེང་གི་ཆར་ཡང་’’ སོག་པའི་དབྱིབས་ཅན་གྱི་རྒྱ་གར་ས་ཁྲའི་དབང་དུ་བྱས་ན། ‘’ བྷི་ཧར་མངའ་སྡེའི་གྲོང་ཁྱེར་གྷ་ཡ་དང་ཐག་ཉེ་བའི་སར་ཡོད་ལ། རྒྱ་གར་ཡུལ་གྱི་མི་རྣམས་ཀྱིས་གནས་མཆོག་འདིར་ bodhgaya བྷོདྷི་གྷཡ་ཞེས་འབོད་ཅིང༌། ཉིན་རེ་རེ་བཞིན་འཛམ་གླིང་ཤར་ནུབ་ཀྱིས་མཚོན་པའི་དད་ལྡན་སྟོང་ཕྲག་མང་པོས་ཕྱག་མཆོད་སྐོར་གསུམ་སོགས་བྱེད་པར་མ་ཟད། ཆོས་འཆད་ཉན་དང༌། ཁ་ཏོན་དགེ་སྦྱོར། བསམ་གཏན་སྒོམ་པ་སོགས་མཐོང་བ་ཙམ་གྱིས་དགེ་བློ་ངང་གིས་འཕེལ་བ་ནི་ཀུན་གྱིས་མཐོང་ཆོས་སུ་གྲུབ་པ་འདི་ལགས། གནས་དེར་སྡོད་རིང་དགྲ་འདུལ་གཉེན་སྐྱོང་སོགས་ཆགས་སྡང་གི་བསམ་བློའི་རྒྱུ་བ་ངན་པ་རང་ཤུགས་ཀྱིས་ཆད་ཅིང༌། དད་འདུན་དྲག་པོས་དཀོན་མཆོག་གི་བཀའ་དྲིན་ཡིད་ལ་བྱེད་པའི་སེམས་ཚོར་ཀྱིས་ལུས་བདེ་སེམས་སྐྱིད་འབྱུང་བ་ནི། སངས་རྒྱས་ཀྱི་གདུང་འཚོབ་ལྟ་བུར་བཞུགས་པའི་མཆོད་རྟེན་རིན་པོ་ཆེའི་བྱིན་རླབས་ཉག་ཅིག་ཏུ་ཤེས་པར་བྱའོ། །

སྨྲས་པ། རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ་གནས་ཏེ། །

 ཐུབ་པ་སྟོང་གིས་བྱང་ཆུབ་མངོན་བྱེད་པའི། །

 གནས་འདིར་སྟོན་པ་དངོས་སུ་མ་མཇལ་ཡང་། །

 བཀའ་སྲོལ་ཐོས་པའི་དགའ་བ་གང་གིས་མཚོན། །

ལེ་ཚན་བཞི་པ།

༡] སངས་རྒྱས་ལ་དགའ་བ་ནི། བྱིན་རླབས་ཡིན།

 རྡོ་རྗེ་གདན་ཞེས་བརྗོད་དུས། མི་མང་པོ་ཞིག་གི་སེམས་ནང་རང་བཞིན་གྱིས་ལྷིང་འཇགས་ཀྱི་ཚོར་བ་སྔ་ན་མེད་པ་ཞིག་སྐྱེ་ཡོང་། དེ་ནི་སངས་རྒྱས་ཀྱི་བྱིན་རླབས་རྒྱུད་ལ་ཞུག་པས་ཡིན་སྲིད། དེ་བས་ཀྱང་གནས་སྐོར་བ་མང་པོ་ཞིག་གིས་གནས་འདྲ་མིན་མཇལ་མྱོང་ནའང་། རྡོ་རྗེ་གདན་མཇལ་བ་ལྟ་བུའི་དགའ་ཚོར་ཞིག་སྐྱེ་ཁག་པོ་འདུག་ཟེར། དེའི་རྒྱུ་མཚན་ཡང་། སངས་རྒྱས་གནས་འདིར་སངས་རྒྱས་པའི་བྱིན་རླབས་ཀྱིས་ཡིན་ངེས། གང་ལྟར་ཕྱི་ནང་གི་སྐྱེས་བུ་སུ་ཞིག་ཡིན་རུང་། གནས་འདིར་འབྱོར་ཐེངས་རེ་རེ་ནི། སངས་རྒྱས་ཀྱི་མཛད་བཟང་རྗེས་དྲན་གྱི་ཉིན་མོ་རེ་རེར་གྱུར་ཡོད་ལ། གནས་འདི་ནས་རང་གིས་ནུས་ཚོད་ཀྱིས་དུག་གསུམ་གྱི་དགྲ་བོ་རེ་རེའི་ཡན་ལག་དང་ཉིང་ལག་གཅོད་ཐུབ་པ་ཡང་། མཐར་གཏུགས་ན། སྐལ་བ་དང་སྐད་ཅིག་མཉམ་ཉིད་དུ་གཟིགས་པའི་སངས་རྒྱས་ཐུགས་རྗེ་ཅན་གྱི་མ་འདྲིས་པའི་བྱམས་བརྩེའི་ནུས་སྟོབས་དང་། ཆོས་ཉིད་ཀྱི་བདེན་པ་མཐོང་བའི་གཟི་དཔལ་ཉག་གཅིག་ཏུ་གོའོ། །

༢] གྲགས་ཅན་གྱི་ཐུབ་བསྟོད་ངོ་སྤྲོད།

ལོ་ཤས་གོང་རྡོར་གདན་རྙིང་མ་དགོན་གྱི་མདུན་ནས་འཕགས་ཡུལ་གྱི་མཁས་པ་མཐོ་བཙུན་གྲུབ་རྗེས་མཛད་པའི་ཁྱད་པར་འཕགས་བསྟོད་རྣམ་གྲོལ་གླིང་སྤར་མ་ཞིག་ཉོས་པ་ཡིན། དེ་སྔོན་བོད་ནས་བཏོན་པའི་<< འཕགས་བོད་ཀྱི་གནའ་རྩོམ་ཕྱོགས་བསྒྲིགས་>> ཤིག་ལས་བརྩམས་ཆོས་གྲགས་ཅན་འདིར་ཞིབ་མཇལ་ལན་གཅིག་བྱས་པས་བསྟན་པ་དང་སྟོན་པ་ལ་ཡིད་ཆེས་ཤིང་དད་པ་རྐང་ནས་འཕེར་བྱེད་ཅིག་ཏུ་མཇལ་བར་མ་ཟད། འདི་ནི་ཅིས་ཀྱང་བོད་ཀྱི་གཞི་རིམ་དགོན་སྡེའི་སློབ་གྲྭ་ཁག་གི་སློབ་ཚན་ནང་འཇུག་དགོས་ངེས་འདུག་ཨང་སྙམ་པ་ཡང་ཡང་བྱུང་སྟེ། དེང་ནི། ཤར་ནུབ་ཀྱི་སྤྱི་ཚོགས་གང་སར་ཆོས་ལུགས་ཚང་མ་འདྲ་མཉམ་ཡིན་པའི་ལྟ་བ་ཤུགས་ཆེ་བའི་ཐོག བོད་ཀྱི་ན་གཞོན་ཕལ་མོ་ཆེས་རང་ཉིད་ནང་པ་ཡིན་པ་ཁས་འཆེ་མོད། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྲུབ་མཐའ་གཞན་གྱི་སྟོན་པ་ལས་ཇི་ལྟར་ཁྱད་པར་དུ་འཕགས་ཚུལ་སྣ་རེ་ཙམ་ཡང་བློས་ལེགས་པར་མི་སེམས་ན། ངག་གིས་ཕྲ་ཞིང་ཞིབ་པར་ཤོད་དུ་ག་ལ་བཏུབ།

དེས་ན་བོད་ཡིག་འབྲི་ཀློག་རང་སྐྱ་འཕེར་བའི་རྒན་གཞོན་སུ་ཡིན་རུང་། རིགས་སྟོབས་ཀྱི་ལམ་ནས་སྟོན་པ་ཚད་མར་བསྒྲུབ་རྒྱུ་རྩལ་འདོན་བྱས་ཡོད་པའི་ཁྱད་པར་འཕགས་བསྟོད་དང་། བདེ་བྱེད་བདག་པོས་མཛད་པའི་ལྷ་ལས་ཕུལ་བྱུང་ལྟ་བུའི་བརྩམས་ཆོས་ཚིག་དོན་གཉིས་ཀ་བཟང་པོ་ཅན་འདི་དག་ལ་གནས་ཆེན་སྤྱི་དང་། ཡང་སྒོས་སངས་རྒྱས་པའི་མཛད་པ་སྟོན་ཡུལ་རྡོ་རྗེ་གདན་མ་མཇལ་གོང་ཅིས་ཀྱང་ལན་རེ་ཞིབ་མཇལ་བྱས་ན། རྣམ་འགྲེལ་སོགས་གཞུང་ཆེན་མོར་མཇལ་མ་ཐུབ་ཀྱང་བདག་ཅག་གི་སྟོན་པ་ཤཱཀྱ་སེངྒེ་འདི་ཉིད་ཚངས་དང་དབང་ཕྱུག་སོགས་ལྷ་དང་། གཟེགས་ཟན་དང་གྲོག་མཁར་བ་སོགས་ཕྱི་རོལ་བའི་སྟོན་པ་གཞན་ལྟ་བུ་མ་ཡིན་པར་ལུང་རིགས་གཉིས་ཀྱི་སྒོ་ནས་ཚད་མའི་སྐྱེས་བུར་ངེས་པ་བདེ་བླག་ཏུ་རྙེད་ཐུབ་པ་སོགས་ཤིན་ཏུ་གལ་ཆེ་བར་མཐོང་ངོ་།།

༣] མཆོད་རྟེན་ཆེན་མོའི་འཕེལ་འགྲིབ།

སྤྱིར་རྒྱ་གར་ནི་ནང་པའི་ཆོས་ཀྱི་འབྱུང་གནས་ཡིན་པས། བོད་པ་ཚོས་རྒྱ་གར་ལ་འཕགས་པའི་ཡུལ་ཞེས་ཆེ་མཐོང་བླ་མེད་བྱེད། ཡུལ་འདིའི་ནང་པའི་གནས་དག་ལ་སྤྱིའི་ཆ་ནས་རིགས་གཉིས་སུ་དབྱེ་སྲོལ་ཡོད་དེ། གཅིག་ནི་སངས་རྒྱས་སྐུ་དངོས་ཀྱི་མཛད་པ་དང་ཐད་ཀར་འབྲེལ་ཞིང་། དེའི་དཔེ་མཚོན་ནི། སྟོན་པའི་མཛད་ཆེན་བཞིའམ། མཛད་ཆེན་བརྒྱད་བསྐྱངས་གནས་དག་ཡིན། ཕྱི་མ་ནི་སངས་རྒྱས་ཀྱི་རྗེས་འཇུག་གཏད་རབས་བདུན་དང་། རྒྱ་གར་ཆེན་བརྒྱད་ཅུ། ཎཱལེནྡྲའི་པཎ་གྲུབ་བཅུ་བདུན་སོགས་གྲགས་ཆེ་བའི་བསྟན་འཛིན་རྣམས་ཀྱིས་མཛད་པ་དང་འབྲེལ་བ་ཁག་ཡིན།

ཏཱ་ར་ནཱ་ཐའི་ཆོས་འབྱུང་ལྟར་ན། བྱང་ཆུབ་མཆོད་རྟེན་འདི་ནི་བདག་ཅག་གི་སྟོན་པ་སྐུ་དངོས་སུ་མཇལ་མྱོང་བ་བྲམ་ཟེ་མོ་ཛ་ས་བྱ་བའི་བུ་ཐ་ཆུང་གིས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཅུ་ཕྲག་བདུན་ལྷག་གི་ཚེ་བཞེངས་པར་བཤད་ཅིང་། དེ་ལ་རྒྱ་གར་བ་དག་གིས་མ་ཧཱ་བྷོ་དྷི་སྟེ། བོད་སྐད་དུ་བྱང་ཆུབ་ཆེན་པོ་ཞེས་འབོད། དེང་རབས་ཞིག་འཇུག་པ་དག་གིས་མཆོད་རྟེན་རྙིང་པའི་ས་འོག་ནས་ཐོན་པའི་གནའ་རྫས་ཁག་ལ་བརྟག་དཔྱད་བྱས་པ་ལྟར་ན། ཆོས་རྒྱལ་མྱ་ངན་མེད་དང་། ཀ་ནི་ཤི་ཀ་སོགས་ནང་པའི་ཆོས་རྒྱལ་གཉིས་ཀྱིས་ཞིག་གསོ་རིམ་པར་བྱས་པ་ར་སྤྲོད་ཐུབ་ཡོད། རང་རེའི་ཙ་མི་ལོ་ཙཱ་བ་དང་ཆག་ལོ་ཆེན་པོ་སོགས་བྱོན་སྐབས་གནས་འདི་ར་དཀོར་གཉེར་ཁོ་ན་དགེ་སློང་སུམ་བརྒྱ་རེ་བཞུགས་པ་སོགས་ཤིན་ཏུ་དར་པའི་དུས་ཡིན་མོད། དུས་རབས་བཅུ་གསུམ་པ་ནས་རྒྱ་གར་ནང་བསྟན་པར་ཉམ་ཆག་ཆེན་པོ་བྱུང་བ་ནས། ཕྱི་ལོ་ ༡༨༦༥ བར་ནང་པའི་གནས་ཕལ་མོ་ཆེ་བདག་མེད་ལྟ་བུར་གྱུར་སྣང་ངོ་། །

དུས་ཕྱིས་རྒྱ་གར་དབྱིན་ཇིས་དབང་བསྒྱུར་སྐབས་གནའ་ཤུལ་སྔོགས་འདོན་པ་ Alexander Cunningham ཀ་ནེན་ཀམ་གྱིས་ས་ར་ཎ་ཐི་དང་། སན་ཅི་སོགས་ནང་པའི་གནས་ཤུལ་ཁག་ལ་ཞིབ་འཇུག་གིས་བྱང་ཆུབ་ཆེན་པོའི་མཆོད་རྟེན་འདི་སླར་ཡང་ཞིག་གསོ་བྱས་པར་སྣང་། ཕྱི་ལོ་ ༡༩༥༥ ལོར་སངས་རྒྱས་མྱ་ངན་འདས་ནས་ལོ་ ༢༥༠༠ འཁོར་བའི་མཛད་སྒོ་དང་སྟབས་བསྟུན་རྒྱ་གར་གཞུང་གིས་བསྐྱར་དུ་ཉམས་གསོ་ཤུགས་ཆེར་བྱས། དགེ་ཆོས་རྒྱ་གར་དུ་བཞུགས་སྐབས་དགེ་བསྙེན་དྷརྨ་པ་ལས་རྡོར་གདན་གྱི་གནས་འདི་རང་རེ་ནང་པ་ཁོ་ནས་འཛིན་སྐྱོང་ཆོག་པའི་སྙན་ཞུ་རྒྱ་གར་གཞུང་ལ་ཞུ་བཞིན་པ་གསལ་མོད། ཐུགས་རེ་དེ་ད་དུང་ཡང་འགྲུབ་མེད་པ་ནི་རྒྱ་གར་དུ་ནང་པ་སྤྱིའི་ཁ་སྟབས་ཞན་པས་ཡིན་སྲིད། བོད་པ་ཚོས་རྡོ་རྗེ་གདན་ཞེས་འབོད་ནི། ལེགས་སྦྱར་ནང་བཛྲ་ཨ་སང་ཟེར་བ་དེ་རང་ཡིན་ཞིང་། དེ་ལྟར་འབོད་དོན་ཡང་རྒྱལ་བུ་དོན་གྲུབ་ཀྱིས་སྲོད་ལ་བདུད་བཏུལ་ཞིང་། ཐོ་རངས་ས་བཅུའི་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་གནས་འདིར་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ་བསྟན་པས་ཡིན་ནོ། །

སྨྲས་པ།

སྲིད་འདིར་ཐུབ་པའི་ལུགས་བཟང་སྤེལ་སྙམ་ན། །

ལྷ་ལས་ཁྱད་པར་འཕགས་པའི་ངང་ཚུལ་སོམས། །

ཆོས་འབྱུང་བདེན་པའི་ཤོག་དཀར་མ་མཇལ་ན། །

དེབ་ཐེར་བརྒྱ་ཕྲག་བཀླགས་ཀྱང་དགོས་པ་ཆུང་། །

ལེའུ་ཚན་ལྔ་པ། ཕན་ཡོན་གྱི་ཚོམས།

༡] མེ་ཏོག་ཕུལ་བའི་ཕན་ཡོན།

ཁྱེད་རང་ནང་པ་ཞིག་ཡིན་མིན་ཇི་ལྟར་ཡང་། མེ་ཏོག་ནི་སངས་རྒྱས་ལ་འབུལ་རྒྱུའི་དངོས་པོའི་མཆོད་རྫས་ཆེས་ལེགས་ཤོས་དང་གཙང་ཤོས་ཤིག་ཡིན་ཏེ། སངས་རྒྱས་ཀྱིས་འཕགས་པ་ལས་རྣམ་འབྱེད་ཀྱི་མདོ་ཡི་ནང་དུ་དེ་བཞིན་གཤེགས་པ་ལ་མེ་ཏོག་གི་མཆོད་པ་ཕུལ་བའི་ཕན་ཡོན་བཅུ་གསུངས་ཡོད།

དེ་དག་ནི།

༡] འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་།

༢] སྣའི་དབང་པོ་ནམ་ཡང་མི་ཉམས་པ། 

༣] ལུས་ལ་དྲི་ངན་མི་འབྱུང་བ།

༤] ལུས་དྲི་ཞིམ་པོ་འབྱུང་བ།

༥] ཚུལ་ཁྲིམས་ཀྱི་དྲི་ངད་ཕྱོགས་སུ་འཐུལ་བ།

༦] འཁོར་འདུ་བ།

༧] ཡིད་འོང་གི་ཆོས་རྣམས་ཐོབ་པ།

༨] ལོངས་སྤྱོད་ཆེ་བ།

༩] མཐོ་རིས་སུ་སྐྱེ་བ།

༡༠] མྱུར་དུ་འཚང་རྒྱ་བ་བཅས་ཡིན་ནོ། །

དེས་ན་རྡོར་གདན་དུ་སླེབས་པའི་གོ་སྐབས་དང་བསྟུན་ནས་མ་མཐར་ཡང་སངས་རྒྱས་ཀྱི་མདུན་སར་པདྨ་དང་། གུར་ཀུམ་གྱི་ཕྲེང་བ་སོགས་མེ་ཏོག་གི་མཆོད་རྫས་སྣ་ཚོགས་པ་རང་གི་ནུས་པས་འཇོན་ཚད་རེ་མཆོད་པར་ཕུལ་ཏེ། ཐེག་ཆེན་སེམས་བསྐྱེད་དང་འབྲེལ་བའི་སྨོན་ལམ་བཟང་པོ་རེ་འདེབས་རྒྱུ་ནི། བསོད་ནམས་གསོག་པའི་ཐབས་ལམ་ཡག་པོ་ཞིག་ཡིན་པ་དྲན་པར་གྱིས་ཤིག །

༢] ལྷུང་བཟེད་ཕུལ་བའི་ཕན་ཡོན།

ལྷུང་བཟེད་ནི། དགེ་སློང་རྣམས་ཀྱིས་འཚོ་བ་བསོད་སྙོམས་སྐབས་ཟས་བཞེས་སྣོད་ཡིན་ཞིང་། དགེ་སློང་དག་བསོད་སྙོམས་ལ་རྒྱུ་བ་ནི། གཙོ་བོ་རང་གི་ང་རྒྱལ་ཆགས་པ་དང་། སྦྱིན་བདག་གི་བསོད་ནམས་སྤེལ་སླད་སོགས་རང་གཞན་གཉིས་ཕན་གྱི་དགོས་པ་མང་པོས་ཕྱུག་པ་ཞིག་ཡིན། དེ་བཞིན་དུ་སྟོན་པའི་མདུན་སར་ལྷུང་བཟེད་ཤིང་འབྲས་སོགས་ཟས་ཀྱིས་བཀང་སྟེ་འབུལ་བ་ནི། རང་གི་བསོད་ནམས་འཕེལ་སླད་ཡིན་ཏེ། སྔོན་སྙན་གྲགས་ཅན་གྱི་རྒྱལ་པོ་ང་ལས་ནུ་དབུལ་པོའི་ཁྱིམ་དུ་སྐྱེས་པ་ན། སངས་རྒྱས་བསོད་སྐྱབས་ལ་དད་པ་ཆེན་པོ་སྐྱེས་ཏེ་སངས་རྒྱས་མཆོད་སླད་སྲན་མ་སྤར་མོ་གང་གནམ་ལ་གཏོར་བས། སྲན་མ་བཞི་ལྷུང་བཟེད་ཀྱི་ནང་དུ་ལྷུང་། གཉིས་ཐུགས་ཁར་ཕོག བཞི་ལྷུང་བཟེད་དུ་ལྷུང་བའི་བསོད་ནམས་ལ་བརྟེན་ནས། རྒྱ་གར་གྱི་རྒྱལ་ཕྲན་ཐམས་ཅད་དབང་དུ་བསྡུས་པ་དང་། གླིང་བཞི་ལ་དབང་བསྒྱུར་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར། སྲན་མ་གཉིས་ཐུགས་ཀར་ཕོག་པའི་རྣམ་སྨིན་གྱི་འབྲས་བུར། དང་པོ་གླིང་བཞི་དང་འཇིག་རྟེན་གྱི་ཁམས་ལ་དབང་བསྒྱུར་བ་དང་། འདོད་ལྷ་རིགས་དྲུག་གི་ནང་ཚན་རྒྱལ་ཆེན་རིགས་བཞིའི་ལྷ་ཡུལ་གྱི་བདག་པོ་ཡང་ལོ་བརྒྱད་ཁྲིར་བྱས། གཉིས་པའི་འབྲས་བུར་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་སུ་ཕྱིན་ཏེ། དེའི་བདག་པོ་ལྷའི་དབང་པོ་བརྒྱ་བྱིན་དང་མཉམ་དུ་ཁྲི་གཅིག་གི་སྒང་ལ་བསྡད། བརྒྱ་བྱིན་སུམ་ཅུ་སོ་བདུན་གྱི་རིང་ལ་དེས་བརྒྱ་བྱིན་གྱི་རྒྱལ་སྲིད་ཕྱེད་ལ་དབང་བསྒྱུར་བའི་རྣམ་ཐར་ཡོད། དེས་ན་སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་གམ། ལོ་མ་གཅིག ཡང་ན་ནས་དང་འབྲས་ལ་སོགས་པ་སྤར་མོ་གང་ཙམ་གཏོར་བ་ཡིན་ན་ཡང་བརྒྱ་བྱིན་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་གོ་འཕང་ཐོབ་པ་གསུངས་ཡོད་པས། ཡིད་ཆེས་ཀྱི་ནོར་དང་ལྡན་པ་དག་གིས་ཅིས་ཀྱང་འབྲས་དང་། སིལ་ཏོག་གཙང་མ་རེ་ཉོས་ཏེ་ཐུབ་པའི་དྲུང་དུ་ལྷུང་བཟེད་ལན་རེ་འབུལ་རྒྱུ་མ་བསྙེལ་ཞིག །

༣] ན་བཟའ་ཕུལ་བའི་ཕན་ཡོན།

མདོ་ལས་སངས་རྒྱས་ལ་དམིགས་ནས་མེ་ཏོག་རྐང་གཅིག་ཕུལ་ནའང་། དེའི་བསོད་ནམས་ཀྱི་འབྲས་བུར་མཐོ་རིས་སུ་སྐྱེ་ཚུལ་གསུངས་པ་ལགས་ན། རྡོར་གདན་དུ་འབྱོར་ཐེངས་རེར་འདུལ་བ་ལས་གསུངས་པ་ལྟར་དགེ་སློང་ལ་རུང་བའི་གོས་དག་ལས་གྲུབ་པའི་ན་བཟའ་རེ་འབུལ་ཐུབ་པ་བྱ་རྒྱུ་ནི་བསོད་ནམས་ཀྱི་བགོ་སྐལ་ཆེན་པོ་ཞིག་ཡིན་ཏེ། བྱམས་པ་ལུང་བསྟན་པའི་མདོ་ལས། དགེ་འདུན་ལ་ཡང་ཆོས་གོས་སོགས་ཕུལ་ན་ང་ཡི་བསྟན་པ་ལ་ལྷགས་པ་ཡིན་གསུངས་ན། སངས་རྒྱས་ཀྱི་སྐུ་རྟེན་བྱིན་ཅན་འདི་ལྟ་བུར་ན་བཟའ་ཕུལ་བའི་དགེ་རྩ་ནི་དེ་བས་ཀྱང་སྨོས་ཅི་དགོས། དེ་བཞིན་དུ་མགོན་པོ་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས། རྒྱུ་ཤིང་ལས་བྱས་པའི་བདེ་བར་གཤེགས་པའི་སྐུ་ཡིན་རུང་མཁས་པ་རྣམས་ཀྱིས་མཆོད་འོས་གསུངས་པ་དང་། དམ་ཆོས་པད་དཀར་ལས་ཀྱང་། དེ་བཞིན་པ་གཤེགས་པ་རྣམས་ཀྱིས་རང་བསྲེལ་དང་། འཇིམ་པའི་གཟུགས་དང་མཆོད་རྟེན་སོགས་ལ་མཆོད་པ་ནི་བྱང་ཆུབ་ཀྱི་རྒྱུར་གསུངས་པ་དང་། ། སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་དམངས་མི་མཆོག་བཞུད་པའི་ཚེ། །འདྲེན་པ་མཚུངས་པ་མེད་ལ་དད་བྱས་ཏེ། །སྟོན་པའི་སྐུ་ལ་ཉི་ཟེར་མི་འབབ་པར་། །མེ་ཏོག་མ་ལི་ཀ་གདུགས་བཅོམ་ལྡན་ཕུལ། །དེ་ནི་ལུས་མཛེས་དམ་པ་གུས་བྱས་པ། །ལྷ་དབང་བརྒྱ་བྱིན་དུ་ནི་ལན་འབུམ་འགྱུར། །འཇིག་རྟེན་ཀུན་ཏུ་ཚངས་པའི་བདག་པོར་འགྱུར།། ཞེས་སོགས་གསུངས་པ་ཡང་ན་བཟའ་ཕུལ་བའི་ཕན་ཡོན་དང་ཆོས་མཚུངས་པ་ལགས་ན། ད་ལན་གནས་མཆོག་འདིར་མཇལ་བའི་སྐལ་བཟང་མངོན་དུ་ཤར་སྐབས་བསོད་ནམས་བྱེ་བའི་དཔལ་དུ་གྱུར་པའི་ཐུབ་སྐུ་རིན་པོ་ཆེའི་སྤྱན་སྔར་སེམས་བསྐྱེད་དང་སྨོན་ལམ་བཟང་པོས་ཀུན་ནས་བསླངས་ཏེ་ཆོས་གོས་ལན་རེ་ནི་ངེས་པར་འབུལ་རིགས་སོ། །

སྨྲས་པ།

མེ་ཏོག་མཆོད་པས་ཡིད་འོང་ཆོས་རྣམས་ཐོབ། །

བསོད་སྙོམས་ཕུལ་བས་སྐྱེ་རྒུ་དབང་དུ་འདུ། །

དྲི་མེད་ན་བཟས་ཆོས་ཀྱི་སྐལ་བ་འགྱེད། །

བགྱི་བ་བཟང་པོ་འདི་དག་མ་བསྙེལ་ཞིག །

ལེའུ་ཚན། དྲུག་པ།

༡] སྐྱབས་སུ་འགྲོ་བ།

མཆོད་རྟེན་ནང་གནས་མཇལ་ལ་འགྲོ་སྐབས་ལེགས་སྦྱར་གྱི་སྐྱབས་འགྲོའི་མཆོད་དབྱངས་ཐད་ཀར་འདོན་པའི་དུས་ནི་གཉིས་ཁོ་ན་སྟེ། གཅིག་ནི་སྔ་དྲོ་ཆུ་ཚོད་ལྔ་བ་ཙམ་ཡིན་ཞིང་། གཅིག་ནི་ཕྱི་དྲོ་ཆུ་ཚོད་བདུན་པར་ཡིན། མཆོད་དབྱངས་སྙན་མོ་དེ་རྣ་བའི་བུ་གར་སོན་ཐེངས་རེ་རེས། གནས་འདིར་ད་དུང་ཡང་སངས་རྒྱས་དངོས་སུ་བཞུགས་ཡོད་པའི་ཚོར་བ་གསོན་པོ་རེ་སྟེར་ནུས་ཤིང་། གདངས་དབྱངས་སྙན་མོ་དེའི་འགྱུར་ཁུགས་རེ་རེ་ནས། ཅི་འདྲ་ཞིག་ལ་ནང་པ་ཟེར་བའི་གོ་དོན་དེའི་མཛེས་པ་གསལ་པོར་རྟོགས་ཡོང་།

ལོ་རྒྱུས་ཀྱི་དབང་དུ་བྱས་ཚེ། སངས་རྒྱས་ཀྱི་ཆེས་ཐོག་མའི་ཆོས་འཁོར་ནི་པ་ལིའི་སྐད་ནང་བསྐོར་བ་ཡོངས་གྲགས་ཡིན་ནའང་། རྒྱ་གར་གཙོས་པའི་ཡུལ་ལུང་མང་པོ་ཞིག་གི་ནང་ད་དུང་ཡང་སྐྱབས་འགྲོའི་མཆོད་དབྱངས་ནི་ལེགས་སྦྱར་ཐོག་གསུང་མཁན་མང་པོ་ཡོད།  རང་རེ་བོད་པ་ཚོ་ནི། ལེགས་སྦྱར་གྱི་སྐད་ལ་བརྩི་མཐོང་ཧ་ཅང་ཆེ་ཞིང་། ལོ་རྒྱུས་ནང་ཚད་ཐུབ་ཀྱི་མཁས་པ་ཞིག་ཏུ་འགྱུར་དགོས་ཚེ་ལེགས་སྦྱར་ལ་མ་བསླབ་ན་འགྲིག་ཐབས་མེད་པ་ལྟ་བུའི་དུས་སྐབས་ཤིག་ཀྱང་བྱུང་ཡོད་པ་ནི། དེང་སང་གི་རྒྱ་གར་ནག་གི་ཁྱིམ་ཆེན་ཚོའི་བུ་དང་བུ་མོ་ཚོས་ཨིན་ཡིག་ལ་ཆེ་མཐོང་བྱེད་པ་ལྟ་བུ་ཡིན།

ལྷག་པར་དུ་ཆོས་རྒྱལ་མེས་དཔོན་རྣམ་པའི་བཀའ་དྲིན་ལས། རིམ་བཞིན་སློབ་དཔོན་ཐུ་མི་སམ་བྷོ་ཊ་དང་། སྐ་ལྕོག་ཞང་། ལོ་ཆེན་རིན་ཆེན་བཟང་པོ་སོགས་བསྟན་པའི་སྒྲོན་མེར་གྱུར་པའི་སྔོན་གྱི་ལོ་ཙཱ་བ་དག་གིས་སྟོན་པ་སངས་རྒྱས་ཀྱི་བཀའ་དང་། ཀླུ་སྒྲུབ་སོགས་རྗེས་འཇུག་མཁས་པའི་བསྟན་བཅོས་མང་པོ་ཞིག་ལེགས་སྦྱར་ནས་བོད་འགྱུར་མཛད་པའི་བདག་རྐྱེན་འོག སྐབས་དེའི་བོད་ནི། རྒྱ་གར་གྱི་ཆེས་ཟབ་པའི་རིག་གནས་ནང་འདྲེན་ཐད་འཛམ་གླིང་ཐོག་རྩེར་སོན་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན་ཞེས་བཤད་ཆོག་ཆོག་ཡིན།

དེར་བརྟེན། བོད་ཡིག་ཐོག་བཞུགས་པའི་བཀའ་དང་བསྟན་བཅོས་ཕལ་མོ་ཆེའི་དབུ་ལ་རྒྱ་གར་སྐད་དུ། ཞེས་བྲིས་པ་དེས་ནི། ང་ཚོའི་ཕ་མེས་ཡང་མེས་ཚོས་དུས་རབས་མང་པོར་བློ་གྲོས་ཀྱི་རྩལ་བརྡར་ཞིང་། དཀའ་སྤྱད་ཀྱི་རྔུལ་ཆུ་བསགས་ཏེ་བསྐྲུན་པའི་ཡང་དག་པའི་སྐྱབས་འགྲོའི་རིག་གནས་ལ་དྲན་གསོ་དང་། ཧ་ཅང་གཏིང་ཟབ་པོའི་སྒོ་ནས་འཕགས་བོད་ཀྱི་མཁས་གྲུབ་ཚོའི་བློ་གྲོས་ལ་རྗེས་དྲན་ཞུ་ཐུབ་པས། འདིར་ལེགས་སྦྱར་དང་པ་ལིའི་སྐད་ཀྱི་སྐྱབས་འགྲོའི་ཚིག་རིས་ཤན་སྦྱར་ཞིག་ཡོད་པ་རིམ་བཞིན་བཀོད་ཡོད།

Sanskrit text =

Buddham Sharanam Gacchami = བུདྷཾ་ཤརཎཾ་གཅཆ་མཱྀ། 

Dharmam Sharanam Gacchmi = དྷརྨཾ་ཤྲཎཾ་གཅཆ་མཱྀ། 

Sangham Sharanam Gcacchmi = སཾ་གྷཾ་ཤྲཎཾ་གཅཆ་མཱྀ།

Pali text =

Buddham Saranam Gacchami – བུདྡཾ་སར་ཎཾ་གཅ་ཆ་མཱྀ།

Dhammam Saranam Gacchami – དྷ་མཾ་ས་ར་ཎཾ་གཅ་ཆ་མཱྀ།

Sangham Saranam Gacchami – སཾ་གྷཾ་ས་ར་ཎཾ་གཅ་ཆ་མཱྀ།

༢] བྱང་ཆུབ་མཆོད་རྟེན།

སྤྱིར་མཆོད་རྟེན་ནི། དྲན་རྟེན་ཞིག་ཡིན་ཏེ། རང་རེའི་ངག་རྒྱུན་ན་ཡོད་པའི་བདེ་གཤེགས་མཆོད་རྟེན་བརྒྱད་ཀ་ཡང་། ཧ་ཅང་གོ་སླ་བའི་སྒོ་ནས་བཤད་ན། སངས་རྒྱས་ཀྱི་མཛད་པ་ངོ་མཚར་ཅན་རེ་རེའི་དྲན་རྟེན་སླད་བཞེངས་པ་ཤ་སྟག་ཡིན། དེས་ན་རྡོ་རྗེ་གདན་གྱི་མཆོད་རྟེན་འདི་ནི། མཆོད་བརྒྱད་ལས་བྱང་ཆུབ་མཆོད་རྟེན་ཡིན་ཏེ། སྟོན་པ་མཆོག་བྱང་ཆུབ་སྙིང་པོར་སངས་རྒྱས་པའི་མཛད་པ་རྗེས་དྲན་སླད་ཤུན་ཙ་ཏ་བྱ་བས་བཞེངས་པར་བཤད་ཀྱང་། འགའ་རེས་ནི་མཐོ་གྲུབ་རྗེས་བཞེངས་པར་འདོད། ནང་དུ་རིང་བསྲེལ་བྲེ་གང་བཞུགས་པར་བཤད། བཅོམ་ལྡན་རིག་རལ་གྱིས་རྡོར་གདན་རྣམ་བཤད་ལས། ཐེག་པ་གོང་འོག་གི་རྡོ་རྗེ་གདན་གྱི་བཞེད་ཚུལ་མི་འདྲ་བ་དང་། གནས་འདི་འཛམ་གླིང་གི་ལྟེ་བ་ཡིན་པ། བསྐལ་བ་འཇིག་པའི་མེས་ཀྱང་མི་འཚིགས་པ་སོགས་ཆེ་བའི་ཡོན་ཏན་གྱི་སྐོར་ཞིབ་ཏུ་བྲིས་འདུག་པས་འདིའི་སྐོར་རྒྱས་པར་ཤེས་འདོད་པའི་བློ་གྲོས་ཅན་དག་གིས་དེར་གཟིགས་ཤིག

དུས་ཀྱི་འགྱུར་བའི་ཁྲོད་མཆོད་རྟེན་འདིར་ཉམ་ཆག་བློས་མི་བཟོད་པ་མང་དུ་བྱུང་པའི་ཚུལ་ང་ཚོས་འགྲེམ་སྟོན་ཁང་གི་པར་རིས་རྙིང་པ་དག་ལས་དཔགས་ཐུབ་ཅིང་། མགོན་པོ་ཀླུ་སྒྲུབ་ཀྱིས་རྡོ་ཡི་དྲྭ་མིག་གིས་བསྐོར་བ་དང་། ཆོས་རྒྱལ་མྱ་ངན་མེད་ཀྱིས་རྡོ་རིང་བཏབ་པ་སོགས་ནང་པའི་སྐྱེས་ཆེན་དག་གིས་དུས་དང་འཚམས་པའི་ཉམ་གསོ་མང་པོ་ལུ་གུ་བརྒྱུད་དུ་ཞུས་ཚུལ་ལོ་རྒྱུས་ཀྱི་ཡི་གེ་རྣམས་སུ་འཁོད་པས་ཤེས།

རང་རེ་བོད་ཀྱི་ལྷ་ལྡན་གཙུག་ལག་ཁང་དུ་བཞུགས་པའི་ཇོ་བོ་ཡང་རྡོར་གདན་གྱི་ལྷ་ཁང་སྟེང་མ་ནས་གདན་དྲངས་པར་བཤད། མཆོད་རྟེན་འདིའི་སྐུ་རྒྱབ་བྱང་ངོས་སུ་བྱང་ཆུབ་ཤིང་ཡོད་ཅིང་། འདི་ཉིད་ཀྱང་སྔོན་གྱི་ཤིང་དེའི་རིགས་རྒྱུན་འཁྲུལ་མེད་ཡིན་པའི་ལུང་གི་ཤེས་བྱེད་མང་། དེའི་དྲུང་དུ་ཞབས་རྗེས་ཆེན་པོ་གཉིས་བཞུགས་པ་ནི། སངས་རྒྱས་ཏེ་སྐུ་བཞེངས་ནས་བཞུགས་ཡུལ་ཡིན་ཟེར། བྱང་ངོས་སུ་པདྨའི་ཕྲེང་བ་བཅུ་ཕྲག་གཉིས་ལྷག་བསྒྲིགས་པ་དེ་ནི། སྟོན་པ་མཆོག་སངས་རྒྱས་ཏེ་ཞབས་འཆག་གནང་ཤུལ་ཡིན། མཆོད་རྟེན་གྱི་གཡས་སྒོར་སྒྲོལ་མ་བཞུགས་ཤིང་། ལ་ལས་ནི་འདི་སྤྱན་རས་གཟིགས་སུ་མཇལ་མཁན་ཡང་ཡོད། གང་ལྟར་དད་པ་ཅན་ལ་འཁོར་འདས་རོ་སྙོམས་སུ་རྟོགས་པའི་བསོད་ནམས་ཡོད་པས་རྦད་དེ་སུས་ཐག་གཅོད་ཐུབ། ཇོ་བོར་བོད་དུ་ཕེབས་ན་ལེགས་པའི་ལུང་སྟོན་མཁན་གྱི་སྒྲོལ་མ་ཡང་ལྷ་ཁང་དུ་ཡོད་པ་དེ་དང་ཤར་ངོས་སུ་བཞུགས་པ་གཉིས་གང་ཡིན་ཞིབ་ཏུ་མ་ཤེས།

ལོ་ཤས་གོང་རྒྱལ་དབང་མཆོག་གིས་ཞལ་ནས་རང་རེ་བོད་པ་གཅིག་ལ་རྡོ་རྗེ་གདན་དང་ཆེས་འབྲེལ་ཆེ་བ་ནི་རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ཡིན་ཚུལ་དང་། ཁོང་རྡོ་རྗེ་གདན་གྱི་མཁན་པོར་བཞུགས་ཚུལ་བཀའ་སྩལ་བ་ལམ་ཙམ་དྲན་མོད། ད་དུང་ཡང་ཁོང་གི་རྣམ་ཐར་མཇལ་རྒྱུ་མ་བྱུང་བ་ནི་བློ་ཕམ་པའི་གནས་ཡིན་མོད། རྩ་མའི་གསུང་ཐོར་བུ་འགའ་ནི་༧གོང་ས་ལྔ་བའི་དཔེ་ཁང་ནས་ཐོན་པ་དུས་ཕྱིས་འབྲས་སྤུངས་དཀར་ཆག་ཅེས་པར་བཞུགས་སྣང་ངོ་།།

༣] བྱང་ཆུབ་ལྗོན་ཤིང་།

གལ་སྲིད་ཁྱོད་ཀྱིས་རྡོར་གདན་མཆོད་རྟེན་ཆེན་མོའི་རྟེན་གཙོ་ཐུབ་སྐུ་ངོ་མཚར་ཅན་དེར་མཇལ་གྲུབ་རྗེས། ཆེས་བརྗེད་མི་རུང་བ་ཞིག་ཡོད་པ་ནི། སྟོན་པ་མཆོག་སངས་རྒྱས་སྐབས་སྐུ་རྒྱབ་བསྟན་ཏེ་སྐྱིལ་དཀྲུང་དུ་བཞུགས་གནས་བྱང་ཆུབ་ཤིང་དྲུང་ནས་སྨོན་ལམ་གདབ་རྒྱུ་དེ་ཡིན། བདག་ཅག་གི་སྟོན་པས་སྐུ་རྒྱབ་རྟེན་ཡུལ་གྱི་ལྗོན་པ་དངོས་དེ་རྩ་གཏོར་གྱིས་ནང་པ་ལ་དགྲ་རུ་ལྟ་བ་དག་གིས་དེའི་ཤུལ་དུ་ཁྲོ་ཆུ་བླུག་པའི་གནས་ཚུལ་ཡ་ང་བ་དེ་འདྲ་ཡང་བྱུང་བས། མིག་སྔའི་ལྗོན་པ་འདི་ཉིད་ལོ་སྟོང་ཕྲག་གཉིས་ཀྱི་གོང་གི་ལྗོན་པ་དེ་ཡིན་ཐབས་མེད་ནའང་། དེ་སྔོན་བྱང་ཆུབ་ལྗོན་པ་འཁྲུལ་མེད་དེའི་རིགས་རྒྱུན་ཤྲི་ལིངྐར་ཁྱེར་བ་དེའི་རིགས་རྒྱུན་གཙང་མ་ཡིན་པར་བསྙོན་དུ་མེད་པས། ལྗོན་པ་དེའི་དྲུང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཐུབ་བསྟོད་ཐབས་མཁས་ཐུགས་རྗེ་མ་དང་། ས་པཎ་གྱིས་མཛད་པའི་ཐུབ་བསྟོད་བྱང་ཆུབ་ཤིང་དྲུང་མ། ཡང་ན། རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པ་ལྟ་བུ་རེ་ག་ལེར་འདོན་ཐུབ་ན། དེའི་རིང་གི་བདེ་བ་ནི་ངོ་མ་འཇིག་རྟེན་འདི་ནས་ཆེས་ཐོབ་དཀའ་བའི་བདེ་སྐྱིད་ཅིག་དང་། ཧ་ཅང་ཐོབ་དཀའ་བའི་བསོད་ནམས་ཤིག་རེད་ཅེས་བརྗོད་ཆོག

གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཀུན་གྱི་སླད་དུ་ཆོས་ཉིད་སྐྱེ་བ་མེད་པའི་དོན་མངོན་དུ་བྱེད་པར་རམ་འདེགས་ཆེན་པོ་བསྒྲུབས་མྱོང་བའི་ངོ་མཚར་ཅན་གྱི་ལྗོན་པ་འདི་ནི། རྒྱ་གར་ཚ་བའི་ལུང་པའི་སྐྱེ་དངོས་དག་གི་ཁྲོད་ནས་ང་ཚོ་ནང་པ་སངས་རྒྱས་པ་ཚོ་དང་ཆེས་སེམས་ཐག་ཉེ་ཤོས་དེ་ཡིན། དཀྱུས་འཇོང་ཞིང་། རྩེ་མོ་རྣོ་བའི་བྱང་ཆུབ་ཤིང་གི་ལོ་མ་རེ་རེ་ནི། བདག་ཅག་གི་སྟོན་པའི་ཐུགས་རྗེའི་འོད་སྣང་མཐའ་ཡས་པར་རྗེས་དྲན་བྱེད་ནུས་པའི་རྡོ་རིང་ལྟ་བུར་གྱུར་ཡོད་པས། ཁྱེད་རང་ཁྱིམ་དུ་ལོག་སྐབས་བྱིན་རླབས་ཀྱི་མཚན་ཁ་འབར་བའི་བྱང་ཆུབ་ཤིང་ལོ་རེ་རེ་ལོ་རྒྱུས་ཀྱི་ཤུལ་བཞག་དང་། རང་གི་དད་རྟེན། སྐྱེ་བོ་གཞན་ལ་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པའི་ལེགས་སྐྱེས་སུ་འཁྱེར་རྒྱུ་མ་བརྗེད་ཅིག །

སྨྲས་པ། 

སྐྱབས་འགྲོ་བཏོན་ལས་བྱུང་བའི་དད་པ་དང་། །

རྟེན་མཆོག་མཇལ་བའི་སེམས་ཀྱི་ཞི་བདེ་གཉིས། །

ལྗོན་བཟང་འོག་ཏུ་ལན་གཅིག་སྒོམས་ཤིག་དང་། །

སྐྱེ་བའི་ཕྲེང་བར་གཏན་བདེའི་ལམ་བུ་ཐོབ། །

ལེའུ་ཚན་བདུན་པ། སྙན་ངག་གིས་བསྟོད་པའི་ལེའུ།

 ༅༅།།རྣམ་འདྲེན་བཞི་བ་སྟོན་མཆོག་ཐུབ་པའི་དབང་པོ་གང་དུ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་རྡོ་རྗེ་གདན་ལ་ཆེད་དུ་བསྟོད་པའི་གཏམ་ལྷ་ཡི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

གཉིས་འཛིན་བུད་ཤིང་སྐམ་པོ་མ་ལུས་འཁྲུལ་ཟད་ཡེ་ཤེས་འོད་ཀྱི་མེ་དཔུང་གིས།།

སྲེག་མཛད་དུས་གསུམ་རྒྱལ་བའི་ཚོགས་ཀྱིས་རྙེད་དཀའ་ཕུན་ཚོགས་བྱང་ཆུབ་དམ་པའི་འབྲས།།

མངོན་དུ་བྱེད་པའི་གནས་ཀྱི་མཆོག་གྱུར་རབ་ཡངས་རྡོ་རྗེའི་འཛིན་མ་གང་དེ་ཡི།།

ཐལ་བའི་རྡུལ་ཡང་དད་པའི་གཙུག་གིས་མཆོད་དོ་བདག་བློ་ཡང་དག་ཆོས་སུ་ཁྲིད་པར་མཛོད།།

རྣམ་འདྲེན་བཞི་བས་བྱང་ཆུབ་བསྒྲུབས་པའི་གནས།།

རྡོ་རྗེ་གདན་ཞེས་གྲགས་པ་གསལ་ལྡན་པར།།

ལན་གཅིག་མཇལ་པའི་སེམས་ཀྱི་མྱོང་བ་ནི།།

དཔྱོད་ལྡན་གྲོགས་ཀྱི་གཟིགས་མོར་བྲི་བར་བྱ།།

བརྩེ་བ་མཐའ་ཀླས་སྟོན་པ་མཆོག་དེ་ཡིས།།

བསྐལ་མང་སྔོན་ནས་བྱང་ཆུབ་སྒྲུབ་པའི་སླད།།

བགྲང་ཡས་ལུས་སྲོག་བཏང་བའི་རྣམ་ཐར་ལ།།

བསམ་ན་དད་པའི་ལུས་སྐྱེས་དབང་མེད་གཡོ།།

རང་ལས་གཞན་གཅེས་འཛིན་པའི་བྱང་ཆུབ་སེམས།།

གྲངས་མེད་གསུམ་དུ་ཡང་ཡང་བསྒོམས་པའི་མཐར།།

གནས་འདིར་རྫོགས་སངས་རྒྱས་ཀྱི་གོ་འཕང་མཆོག།

བརྙེས་པའི་ཚུལ་དེར་མཁས་པ་སུ་མི་དགྱེས།།

རིགས་གཟུགས་ལང་ཚོའི་དཔལ་གྱིས་རབ་མཐོ་བའི།།

མིག་སྟོང་ཅན་དང་གདོང་བཞི་བ་ལ་སོགས།།

སྲིད་འདིའི་ཆེ་རྒུའི་དྲེག་པའི་བྲག་རི་རྣམས།།

སྙིང་རྗེའི་འོད་ཐིག་གཅིག་གིས་འཇོམས་པར་བྱེད།།

སྲིད་པའི་ཕུན་ཚོགས་སྤྲུལ་གྱི་ཚང་ལས་ཀྱང་།།

འཇིགས་པར་མཐོང་ནས་དབེན་པའི་གནས་རྣམས་སུ།།

ཡང་དག་ལམ་མཆོག་སྒྲུབ་ལ་གཞོལ་བའི་ཚུལ།།

སླར་ཡང་དྲན་ནོ་འཇིག་རྟེན་སྒྲོན་མ་ཀྱེ།།

སྔོན་ཚེ་རྒྱལ་དང་རྒྱལ་སྲས་བྱེ་བ་བརྒྱས།།

ཐུགས་སྐྱེད་ཟླ་བ་གསར་བའི་འོད་རླབས་ཀྱིས།།

སྐྱེ་རྒུའི་ཡིད་ཀྱི་ཀུན་ད་སྨིན་པའི་གཏམ།།

བྱུང་རབས་རྒན་པོའི་ངག་ན་འོད་དུ་འཁྱིལ།།

དེང་འདིར་རྡོ་རྗེ་གདན་གྱི་ཞིང་དག་ཀྱང་།།

དམ་ཆོས་རྣལ་མས་དབེན་པའི་ཡུལ་གྱུར་ཏེ།།

མུ་སྟེགས་པ་དང་ཀླ་ཀློས་ཁེངས་པའི་ཚུལ།།

མཐོང་ན་སྐྱོ་བའི་མཆི་མ་དབང་མེད་འཕྱུར།།

འོན་ཀྱང་བསྟན་པ་འཕེལ་འགྲིབ་ཡོང་ངོ་ཞེས།།

རྒྱལ་བ་ཁྱོད་ཀྱི་གསུང་རྣམས་དྲན་པ་ན།།

སླར་ཡང་ཆོས་ཀྱི་ཉི་མ་འཆར་སྙམ་སྟེ།།

སྐྱོ་བའི་མུན་པ་ཐོལ་གྱིས་ཡལ་བར་བྱེད།།

སྔོན་ཚེ་སྙིགས་ལྔའི་དུས་འགྱུར་སྣ་མང་ཁྲོད།།

འཚེ་ལ་རབ་དགའ་ཀླ་ཀློའི་དམག་དཔུང་གིས།།

བྱམས་བརྩེའི་རྒྱལ་ས་བཅོམ་པའི་ལེའུ་རེས།།

དཔྱོད་ལྡན་སུ་ཡི་སྙིང་ཁམས་དངངས་མི་བྱེད།།

འོན་ཀྱང་རྒྱལ་བ་ཁྱོད་ཀྱི་འཕྲིན་ལས་ནི།།

རྒྱ་མཚོའི་གཏིང་དང་ནམ་མཁའི་མཐའ་བཞིན་དུ།།

ཀུན་ལ་ཁྱབ་པས་མུ་སྟེགས་མང་པོས་ཀྱང་།།

ཁྱོད་ཀྱི་མཛད་པར་ཐལ་མོ་སྦྱོར་བ་མཐོང་།།

ཚུལ་འདི་བསམ་ན་སྲིད་འདིའི་དོན་རྣམས་ཀྱང་།།

རང་བློ་འཁྲུལ་བས་རང་དགར་བཏགས་པའི་དོན།།

ཁྱེད་ཀྱི་གསུང་བཞིན་གོ་བས་དགའ་བ་སྐྱེས།།

དེ་ལྟར་ཀུན་རྟོག་འཁྲུལ་བའི་ཞགས་ཐག་གིས།།

རང་བློ་འཆུན་བཞིན་གསོལ་འདེབས་མཆོད་པའི་སྤྲིན།།

ལན་མང་ཕྱོགས་སུ་གཏོར་བའི་ལེགས་བྱས་ཀྱིས།།

ཡིད་ཀྱི་ཟླ་བ་དགའ་སྤྲོའི་དབྱིངས་སུ་འཕུར།།

ཁྱད་པར་སྟོན་མཆོག་དགུང་གྲངས་སུམ་ཅུ་པའི།།

སྣང་བརྙན་བིཤྭོཀརྨས་ལེགས་བཞེངས་པའི།།

བྱིན་ཅན་སྐུ་མཆོག་ཐོག་མར་མཇལ་བ་ན།།

མོས་གུས་མཆི་མས་སྙིང་ཡང་བརླན་པར་བྱས།།

དེ་ནས་བསིལ་འཇམ་གྲིབ་མའི་རེག་བྱ་ཡིས།།

ཡིད་ཀྱི་ཚ་གདུང་སེལ་བར་བྱེད་པ་ཡི།།

རིན་ཆེན་ཤིང་དབང་དྲུང་དུ་སླེབས་པ་ན།།

བསམ་གཏན་བདེ་བས་ཡིད་ཁམས་བཟི་བར་བྱེད།།

ཞབས་ཟླུམ་རྩེ་མོ་ཅུང་ཟད་རྣོ་བ་ཡི།།

བྱང་ཆུབ་ཤིང་གི་ལོ་མ་གསར་བའི་ཚོགས།།

རླུང་བུས་སྐྱོད་དེ་ས་རུ་ལྷུང་བ་ན།།

སྐྱེ་རྒུའི་ཚོགས་ཀྱིས་དད་པའི་སོར་མོས་འཐུ།།

དེ་འོག་ཉིས་སྟོང་ལོ་ཡི་གོང་རོལ་ན། །

སྲས་གཙང་སྲས་ཀྱིས་ཞབས་ཟུང་འདིར་བཅགས་ཏེ། །

ཤེས་རབ་སྙིང་རྗེ་ཟུང་དུ་འབྲེལ་བའི་སྤྱན། །

འགྲོ་བ་ཡོངས་ལ་གཟིགས་པ་སླར་ཡང་དྲན། །

ལ་ལ་བསམ་གཏན་མལ་ན་ལྷོད་ཀྱིས་གཟིམས། །

འགའ་རེ་བཟླས་བརྗོད་ལས་ཀྱིས་ཀུན་ནས་བྲེལ།།

ཀུན་ཀྱང་རྣམ་དཀར་ལས་ལ་བརྩོན་པ་ཡིས། །

བླུན་པོ་བདག་ཀྱང་དད་མོས་གུས་ཀློང་དུ་བཙུད། །

ཁྱད་པར་བྱིན་རླབས་གཟི་འོད་འབར་བ་ཡི། །

རྒྱལ་དང་རྒྱལ་སྲས་བྱེ་བའི་རིང་བསྲེལ་ཚོགས།།

གཟུངས་སུ་བཞུགས་པའི་མཆོད་རྟེན་ཆེ་ཆུང་རྣམས།།

དད་པའི་མིག་གིས་རྒུམ་ལ་ངལ་མ་གྱུར། །

སྔོན་ཚེ་ཐུབ་པ་ཆེན་པོ་བྱོན་པའི་རྗེས།།

བྲམ་ཟེ་སྤུན་གསུམ་ཨ་ཤོ་ཀ་ལ་སོགས།།

བསྟན་སྦྱིན་རྣམས་ཀྱིས་ལན་མང་བཞེངས་པའི་ཚུལ།།

ཡིད་ལ་དྲན་ཚེ་དད་པ་ལྷག་ཏུ་འཕེལ།།

དུས་ཀྱིས་འགྱུར་བས་ལན་མང་རྒུད་གྱུར་ཅིང་། །

དད་པས་སྟོབས་ཀྱང་ཡང་ཡང་བསྐྲུན་པའི་གཏམ། །

སྔོན་གྱི་བྱུང་རབས་མེ་ལོང་གསར་པའི་ངོར། །

འཆར་བ་འདིས་ཀྱང་སྟོན་མཆོག་དྲན་པར་བྱེད། །

དེ་ནས་བྱང་གི་སྐོར་ལམ་ཡངས་པོ་ན། །

མཛད་པའི་གྲངས་ཀྱི་འདབ་སྟོང་ཕྲེང་ཅན་དང་། །

འོད་ཟེར་འཕྲོ་བའི་གཙུག་ལག་ཁང་ལ་སོགས། །

འདྲེན་བྱེད་དཔལ་དུ་གྱུར་པའི་ལོ་རྒྱུས་མང་། །

མདོར་ན་ལྷ་ཡི་མངོན་ཤེས་མ་ཐོབ་ཅིང་། །

དག་སྣང་གཙང་མའི་ཡིད་ཁམས་མི་ལྡན་པའི། །

མ་མཇལ་རྒྱང་རིང་ཡུལ་གྱི་གྲོགས་དག་ལ། །

དབུས་ནས་ཨ་འདུས་པ་ཡིས་འདི་བསྲིངས་སོ། །

ཅེས་པའང་སྙིགས་དུས་འདིར་བྱམས་བརྩེའི་བདག་ཉིད་སྟོན་མཆོག་ཐུབ་པའི་དབང་པོའི་རྒྱལ་ཚབ་ལྟ་བུར་བཞུགས་པའི་རྡོར་གདན་མཆོད་རྟེན་མཐོང་གྲོལ་ཆེན་མོར་མཇལ་སྐབས་ཨ་འདུས་སྐལ་བཟང་རྒྱ་མཚོས་དྭངས་པའི་བློས་བྲིས་པ་དགེའོ། །

ལེའུ་ཚན་བརྒྱད་པ།  སངས་རྒྱས་ཀྱི་ཞབས་རྗེས།

༡] རྣམ་ཐར་ནི་ཆོས་ཀྱི་མཛེས་རྒྱན་ཡིན།

ང་ཚོས་ཉིན་རེ་བཞིན་མཆོད་རྟེན་གྱི་དྲུང་དུ་ཁ་ཏོན་འདོན་པ་དང་། མཎྜལ་འབུལ་བ། ཕྱག་འཚལ་བ། གཞུང་ཆེན་མོའི་རྩ་བ་སྐྱོར་བ། བསམ་གཏན་སྒོམ་པ་སོགས་ཀྱི་སྐབས་ཕུད། དེ་མིན་ཅུང་ལྷོད་ལ་བབ་ནས་ཡོད་པའི་དུས་སུ་གནད་དོན་འདི་དག་ལ་ངེས་པར་དོ་སྣང་བྱ་དགོས་ཏེ། བྱང་ཆུབ་ཤིང་གི་ཐད་ཀྱི་མཆོད་རྟེན་ངོས་ན་བཞུགས་པའི་སྐུ་བརྙན་དེ་སངས་རྒྱས་ནས་བདུན་ཕྲག་དང་པོ་ལ་བྱང་ཆུབ་ཤིང་ལ་སྤྱན་མིག་མི་འཛུམ་པར་བཞུགས་པའི་སྐུ་བརྙན་ཡིན་གསུངས།

བདུན་གཉིས་པར་ཐོག་མར་བཞེངས་པའི་ཤུལ་དུ་ཞབས་རྗེས་ཆ་གཅིག དེ་ནས་གོམ་པ་འདོར་བའི་ཤུལ་ཞབས་གཡས་གཡོན་ཡ་སྤེལ་བ་ལྔ་། སླར་ཡང་ཡུད་ཙམ་བཞེངས་སར་ཞབས་རྗེས་ཆ་གཅིག་བཅས་རྡོ་བདུན་གྱི་སྟེང་དུ་ཡོད་པ་ལས་དེང་སང་ཡ་གཉིས་དང་ཆ་གཅིག་སྟེ་གསུམ་དང་། འཆག་པ་མཚོན་སླད་བྱང་ངོས་ཀྱི་རྭ་བའི་ནང་པདྨ་མའི་ཕྲེང་བ་བཅུ་གཉིས་བཅས་ཡོད། རང་རེ་བོད་ཀྱི་གྲྭ་བ་ཚོ་རྟ་རྒྱུག་འགྲན་པ་ལྟར་མཆོད་རྟེན་སྐོར་བའི་གྲངས་ཀ་གསོག་ལ་བྲེལ་སྐབས། འཕགས་པ་གནས་བརྟན་པ་རྣམས་སྐུ་ལུས་དྲང་པོར་བསྲངས། མིག་གཉའ་ཤིང་གང་ཙམ་ཕབ། ཧ་ཅང་ཡིད་འཕྲོག་པའི་སྤྱོད་པས་དལ་གྱིས་ཡང་ཡང་འཆག་བཞིན་པ་ཡང་ཞིབ་ཏུ་བསམ་ན་སྟོན་པའི་རྣམ་ཐར་ལ་རྒྱུས་ཆེ་བའི་རྟགས་སུ་མངོན།

༢]  བྱིན་རླབས་ནི་དད་པ་ཅན་ཁོ་ནར་དབང་།

མགོན་པོ་ཀླུས་བཞེངས་པར་གྲགས་པའི་གན་དྷོ་ལའི་རྩེའི་མཆོད་རྟེན་ཆུང་ངུ་དེའི་ནང་བཅོམ་ལྡན་འདས་ཀྱི་རིང་བསྲེལ་བྲེ་གང་བཞུགས་པར་གསུངས། སྐོར་ལམ་གྱི་རྡོའི་དྲྭ་མིག་འདི་དག་ཀྱང་གླང་ཆེན་གྱི་གནོད་པ་འགོག་ཆེད་ཀླུ་སྒྲུབ་ཀྱིས་བཞེངས་པར་བཤད། ཀ་སྟེང་གི་མགོན་པོ་དང་སྒྲོལ་མའི་ཞལ་བརྒྱད་རེ་ཡོད་པ་དེའི་དངོས་གྲུབ་ནི་དད་པས་འཇོན་ན་ད་ལྟ་ཡང་ཐེ་ཚོམ་བྱེད་མི་དགོས་སྙམ།

སྔོན་ཆད་བྲམ་ཟེ་མོ་ཛ་སས་མཛོད་སྤུའི་དོད་དུ་སྐུའི་སྨིན་མཚམས་སུ་མར་གད་ཕུལ་བ་དེའི་འོད་ཟེར་གྱིས་སྟོན་པ་བཞུགས་ཡུལ་གྱི་ལྷ་ཁང་དུ་སྲོད་ལའང་དཔེ་ཆ་ཀློག་ཐུབ་པ་བྱུང་ཞེས་ཆག་ལོའི་ལམ་ཡིག་ཏུ་གསུངས།

ལྷོ་ངོས་ཀྱི་ས་སྟེགས་ཤིན་ཏུ་ཡངས་མོ་དེ་སྟོན་པའི་བཞུགས་གདན་གྱི་རྩྭ་རྣམས་བོར་ཡུལ་ཡིན། ཉེ་ལམ་འཕགས་པ་གནས་བརྟན་པའི་རྒྱལ་ཁབ་མང་པོས་སྨོན་ལམ་གསུང་སྐབས་ཝེཏིནམ་གྱི་དགེ་འདུན་པའི་བཞུགས་གུར་སྒྲོན་གནས་དེ་ཡིན། སྔོན་ཆད་དེར་ཡང་མཆོད་རྟེན་ཆེན་པོ་ཞིག་ཡོད་པར་བཤད། ཤར་སྒོའི་གཡས་སུ་སྒྲོལ་མའི་ལྷ་ཁང་ཡོད་ལ། ལྷ་ཁང་འདིར་རྡོ་ཡི་ལྷ་མོ་རང་བྱོན་གསུང་འབྱོན་བཞིན་ཞལ་ནང་དུ་བསྒྱུར་བས་ཞལ་འགྱུར་ཏཱ་རཱ་ཞེས་གྲགས་པ་དེ་དང་། ཆུ་ཀླུང་སྒྲོལ་བས་ཧ་ཧ་ཏཱ་རཱ་ཞེས་བྱིན་རླབས་ཤིན་ཏུ་ཆེ་ཚུལ་ཆག་ལོས་གསུངས།

བྱང་ཆུབ་མཆོད་རྟེན་གྱི་ཐོག་བརྩེགས་གཉིས་པའི་ནང་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རབ་ཏུ་བྱུང་སའི་གནས་དང་། ལྷ་ལྡན་གཙུག་ལག་ཁང་ལ་བཞུགས་པའི་ལྷ་སའི་ཇོ་བོ་ཤཀྱཱ་མུ་ནི་ཡང་འདི་ནས་གདན་དྲངས་པར་བཤད། བྱང་ཆུབ་མཆོད་རྟེན་ཤར་ངོས་ནས་ལྷ་ཁང་ནང་གི་སྒྲོན་མ་རང་བྱོན་དེས་ཇོ་བོ་རྗེ་བོད་ལ་ཕེབས་པ་ཡིན་ན་བསྟན་འགྲོའི་དོན་ཆེན་འགྲུབ་ནའང་སྐུ་ཚེ་ཐུང་བ་ཡིན་གསུངས། མཆོད་རྟེན་གྱི་འགྲམ་དུ་མཚོ་དེར་ཀླུ་བཏང་བཟུང་གི་གནས་ཟེར། དེར་སངས་རྒྱས་བཅོམ་ལྡན་འདས་བདུན་ཕྲག་གཅིག་རིང་ཏིང་ངེ་འཛིན་ལ་བཞུགས་པའི་གནས་ཡིན་སྐད།

༣] ཧ་ཧ་རྒོད་པ་དང་། ང་ཚོའི་སྐྲ་སེན།

སྐོར་ལམ་གྱི་མཆོད་རྟེན་ཆེ་ཆུང་སྣ་ཚོགས་པའི་ནང་རིང་བསྲེལ་རྩ་ཆེན་མང་པོ་ཡོད་པས་སྐྲ་སེན་སོགས་དེར་འཕང་ན་ངན་སོང་གི་སྐྱེ་སྒོ་ཆོད་ཚུལ་གནས་ཡིག་རྙིང་མ་རྣམས་སུ་བྲིས་མོད། ད་ནི་དུས་ཚོད་ཀྱི་དབང་གིས་གནའ་བོའི་སྲོལ་དེ་དག་སྤྱོད་ས་མེད་པར་མ་ཟད། དོ་དམ་པས་བརྙན་མིག་ལས་མཐོང་ཚེ། གནས་ཆེན་གྱི་ཁོར་ཡུག་འབག་བཙོག་བྱེད་པར་བརྩིས་ཏེ་ཉེས་ཆད་གཅོད་ཉེན་ཡོད།

མཆོད་རྟེན་གྱི་རྭ་བའི་ཤར་སྒོའི་ཕྱི་རོལ་ན་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ནང་ཚན་ཧ་ཧ་རྒོད་པའི་དུར་ཁྲོད་ཡོད་ཅིང་། གནས་དེར་རྡོ་རྗེ་གདན་གྱི་སྲུང་མ་དཔལ་མགོན་ཞལ་བཞི་པ་བཞུགས་པར་བཤད། འདི་ད་ལྟ་ཡང་དུར་ཁྲོད་རང་གི་ངོ་བོར་གནས་ཡོད་པས། ཅུང་མངོན་ཆུང་གིས་སྐྲ་སེན་འདོར་མཁན་ཡོད། གནས་བདག་ལ་དྲིས་པས། ཆོག་མཆན་ཞུས་ཏེ་ཡིག་ཆ་བཟོས་ན་པུར་ཐལ་ཡང་འདིར་སྦ་རུང་བར་བཤད། དེར་བཞུགས་པའི་དཀྱིལ་འཁོར་དེ་ “ སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་རྡོ་ལ་བཞེངས་པའི་དུས་འཁོར་བློས་བསླངས་དེ་ཡིན་ནམ་ ” ཞེས་དགེ་ཆོས་ཀྱིས་གསུངས།

ལར་ནས་རྡོ་རྗེ་གདན་འདི་ནི་སྟོན་པ་མཆོག་སངས་རྒྱས་པའི་མཛད་པ་བསྟན་པའི་གནས་ཡིན། ཐང་ཟན་ཙང་གི་རྒྱ་གར་ལམ་ཡིག་ལྟར་ན། “ རྒྱ་གར་ཡུལ་དབུས་མ་ག་དྷ་གྲོང་ཁྱེར་ནས་ལྷོ་ནུབ་ལེ་དབར་བཞི་བརྒྱ་ཙམ་གྱི་སར་ཆུ་བོ་ནེརཉྫ་ན་འབབ་པ་དེ་བརྒལ་ནས་ཕར་འགྲམ་ན་ག་ཡའི་གྲོང་ཁྱེར་ཡོད་ཅིང༌། དེ་ནས་ལེ་དབར་དྲུག་ན་ག་ཡ་གོ་རིའི་རི། དེའི་ལྷོ་ནུབ་ཀྱི་ཟུར་ཞིག་ཏུ་རྡོ་རྗེ་གདན་གྱི་མཆོད་རྟེན་དང་མ་ཧཱ་བོ་དྷིའི་གཙུག་ལག་ཁང༌། དགོན་པའི་མདུན་དུ་བྱང་ཆུབ་ཀྱི་ཤིང་དང༌། དགོན་པའི་ནང་དུ་དགེ་འདུན་སྟོང་ཕྲག་ལྷག་ཙམ་ཐེག་ཆེན་སྤྱོད་པ་ཡིན་ ” ཞེས་གསུངས་པ་ལྟ་བུའི་དུས་སྐབས་སོ་སོའི་གནས་ཚུལ་ཞིབ་མོར་འགོད་མཁན་ནི་རང་རེར་ཆག་ལོ་དང་། དུས་ཕྱིར་དགེ་ཆོས་ལྟ་བུ་ལས་ཆེར་མ་བྱུང་བར་སྣང་། དེར་བརྟེན། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་ཀྱི་གན་དྷོ་ལ་མཆོད་རྟེན་འདི་ཐོག་མར་བྲམ་ཟེ་ཛ་སའི་བུ་ཐ་ཆུང་བྲམ་ཟེ་དགེ་བས་བཞེངས་པ་དང་། ཁ་ཅིག་གིས་རྒྱ་གར་གྱི་མཁས་པ་མཐོ་བཙུན་གྲུབ་རྗེས་བཞེངས་པར་གསུངས་པ་དང་། འགའ་རེས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པར་འདོད་པ་སོགས་འཆད་ཚུལ་མི་འདྲ་བ་དག་ཀྱང་། རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་ཚོའི་ཉོག་བཤད་ལ་མགོ་བོ་འཁོར་ཏེ་དག་སྣང་གིས་བྱུང་རབས་སྣ་ཚོགས་བྲིས་པའི་མཇུག་འབྲས་སུ་སྣང་ངོ་། །

སྨྲས་པ།

དག་སྣང་ཅན་ལ་དཔྱད་པ་མི་མཁོ་ཡང་། །

མཁས་པའི་ཚོགས་ཀྱིས་རིགས་པ་རྩལ་དུ་འཛིན། །

བདེ་བར་གཤེགས་པའི་ཐུན་མོང་མཛད་པ་ནི། །

འཇིག་རྟེན་ཉིད་ལ་ལྟོས་ནས་བྲིས་ན་ལེགས། །

ལེའུ་ཚན་དགུ་པ། ཆུ་བོ་ནཻ་ར་ཉྫ་ན་དང་། སངས་རྒྱས།

༡] མཆོད་རྟེན་ཆེན་མོའི་དར་རྒུད།

དགེ་ཆོས་ཀྱིས་ “ གན་དྷོ་ལ་འདི་ཐོག་མར་བྲམ་ཟེ་མོ་ཛ་སའི་བུ་ཐ་ཆུང་གིས་བཞེངས་ཀྱང་ཟེར། ཆོས་རྒྱལ་མྱ་ངན་མེད་ཀྱིས་ཡིན་ཡང་ཟེར། གང་ལྟར་བར་སྐབས་ཞིག་ན་ཤིན་ཏུ་ཉམས་ཆག་ཏུ་གྱུར་པ་ལས། མ་ག་དྷའི་ཁྱིམ་བདག་འཆི་མེད་བྱ་བ་ཞིག་གསོས་བགྱིས་ཏེ་ད་བར་ལོ་སྟོང་ཕྲག་ཙམ་སོང༌། དེ་ནས་སླར་ཡང་ཉམས་པ་ན། བྷར་མའི་ཡུལ་གྱི་ནང་པ་རྣམས་ནས་ཞིག་གསོས་བགྱིས་ཏེ་ད་བར་ལོ་དྲུག་བརྒྱ་ལྷག་སོང༌། དེ་ནས་སླར་ཡང་རྒྱ་གར་གཞུང་ནས་སྒོར་ཉིས་འབུམ་ལྷག་གི་འགྲོ་སོང་བཏང་ཏེ། ས་བསལ་ཅིང་ཞིག་རལ་བཅོས་ཏེ་ད་ལྟ་ལོ་བཞི་བཅུ་ལྷག་སོང༌། ” ཞེས་གསུངས་ཤིང་། དེ་ནས་ད་བར་གྱི་ལོ་བརྩིས་ན་ལོ་བདུན་ཅུ་ཙམ་གྱི་རིང་མཆོད་རྟེན་སྤྱིའི་བཀོད་པར་ཧ་ཅང་གི་འགྱུར་བ་ཆེན་པོ་མ་སོང་ནའང་། ཐེ་ལཎྜི་རྒྱལ་ཁབ་ཀྱིས་མཆོད་རྟེན་ལ་རིན་ཆེན་དང་པོ་ལས་གྲུབ་པའི་དབུ་རྒྱན་གསར་དུ་ཕུལ་བ་དང་། ལོ་རེ་བཞིན་འཛམ་གླིང་ཤར་ནུབ་ནས་ཡོང་བའི་དད་ལྡན་པ་རྣམས་ཀྱིས་བསོད་ནམས་གསོག་པའི་རྟེན་དུ་རྒྱ་གར་གཞུང་གི་གནའ་ཤུལ་ཚན་པ་དང་། མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་ཀྱིས་བདག་སྐྱོང་འོག་ཡོད་མུས་ཡིན།

སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱའི་མཚམས་སུ་མྱ་ངན་མེད་སྐུ་འཁྲུངས་ཤིང་། དེ་ཡིས་སངས་རྒྱས་ཀྱིས་ལུང་བསྟན་པ་བཞིན་མཆོད་བརྒྱད་ཀྱིས་མཚོན་པའི་མཆོད་རྟེན་བྱེ་བ་མང་པོ་བཞེངས་ཏེ་སྟོབས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་བཟུང་། ལོ་བཞི་བརྒྱའི་མཚམས་སུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་བྱོན་ཏེ་སངས་རྒྱས་ཀྱི་བཀའ་ལ་དྲང་ངེས་གཉིས་ཀྱི་ཁྱད་པར་ཕྱེས། རིགས་ཚོགས་དྲུག་ལ་སོགས་པའི་བསྟན་བཅོས་སྙན་གྲགས་ཅན་བརྩམས། རྡོ་རྗེ་གདན་དང་། ནཱ་ལེནྡྲ་སོགས་སུ་བཤད་སྒྲུབ་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། སྔོན་ཆད་རྡོར་གདན་གྱི་ “ སྒོ་མོ་ཆེའི་ཕུག་ན་སྒོ་སྲུང་མ་ཧཱ་ཀཱ་ལ་དང་ནང་གཡས་གཡོན་གནོད་སྦྱིན་གྱི་རྒྱལ་པོ་ཆུ་སྲིན་ཞོན་ནས་ལག་གིས་སྐེད་པའི་གྲི་ཐུང་ལ་བཟུང་བ་ཤིན་ཏུ་འཇིགས་པ་གཉིས་ཞལ་ནང་དུ་བསྟན་པ་དང་། དེ་བཞིན་དུ་ཨཱརྻ་དེ་ཝའི་སྒྲོལ་མ་དང་། གཤིན་རྗེ་གཤེད་དམར་པོ་མ་ཧེ་ལ་ཞོན་པ་དང་ཤར་ལྷོ་ན་དོན་ཞགས་ཞལ་གཅིག་ཕྱག་བཞི་པ་དང་། མུ་སྟེགས་པའི་ལྷ་སྤྱན་རས་གཟིགས་སུ་འགྱུར་བ་དང་། སྤྱན་རས་གཟིགས་ཁྲི་སུམ་བརྩེགས་པ་ཁྲུ་གང་བ་དང་། ཟུར་ན་ཤི་ཝི་ཏཱ་རེ་ཞེས་པའི་སྒྲོལ་མ་གཟིམས་པ་ལ་རལ་གཅིག་མས་བྱུག་པ་བྱེད་པའི་ཚུལ་ཅན་ཡོད་དོ། །ལྷོ་ན་མ་ཧཱ་མཱ་ཡཱ་དང་སྒོ་སྲུང་མགོན་པོ་བཞེངས་པ་དང་། སྤྱན་རས་གཟིགས་གར་བྱེད་པ་དང་ཛམྦྷ་ལ་དང་དགྱེས་རྡོར་ཞལ་གཅིག་ཕྱག་གཉིས་པ་དང་། ལྷོ་ནུབ་མཚམས་ཀྱི་ཟུར་ཁུགས་ན་འཇམ་དཔལ་སེང་གེ་ལ་བཞུགས་པ་སོགས་ཡོད་  ” ཅེས་དང་། རང་རེ་བོད་ཀྱི་མཁས་པ་རྒ་ལོ་ཆེན་པོ་རྡོར་གདན་དུ་བྱོན་པར་མ་ཟད། ཁོང་གི་སྒོམ་ཁང་ཡང་དེར་ཡོད་ཅེས་བཅོམ་ལྡན་རིག་རལ་གྱིས་གསུངས། ལྷ་དེ་དག་ལ་བསམ་ན་སྐབས་དེའི་རྡོ་རྗེ་གདན་ཡང་ནཱལེནྡྲ་དང་མཐུན་པར་གསང་སྔགས་རྒྱ་ཁྱབ་ཏུ་དར་སའི་ནང་པའི་གདན་ས་ཞིག་ཡིན་པ་གསལ་པོར་དཔོགས་ཐུབ།

༢] ཀླུ་རྒྱལ་བཏང་བཟུང་གི་གནས།

བཅོམ་ལྡན་རིག་རལ་གྱི་རྡོར་གདན་རྣམ་བཤད་ལས། “ རྡོ་རྗེ་གདན་གྱི་ལྷོ་ཕྱོགས་རྒྱང་གྲགས་གཉིས་ན་མཚོ་གཅིག་ཡོད་པའི་ཤར་ཕྱོགས་སུ་ཀླུའི་རྒྱལ་པོ་བཏང་བཟུང་དང་ཕྲད་པའི་ས་ན་མཆོད་རྟེན་དང་མཚོའི་ནང་ནས་སངས་རྒྱས་ཀྱི་མདུན་དུ་རྡོའི་ཐེམ་སྐས་བྱུང་བ་ཡོད་དོ། ། ” ཞེས་དང་། “ ཀླུའི་རྒྱལ་པོ་བཏང་བཟུང་གི་སྦྲུལ་གྱི་ལུས་ཀྱིས་སྐུ་ལ་དཀྲིས་ཏེ་གདེངས་ཀས་དབུ་བཀབ་པའི་ཤུལ་ན་ཟངས་གླིང་པས་བྱས་པའི་མཆོད་རྟེན་གྱི་ནང་ན་སྐུ་དེ་འདྲ་བ་ཡོད་དོ། ། ”ཞེས་གསལ་པོར་བྲིས་པ་ལྟར། དེང་སང་ཡང་མཆོད་རྟེན་གྱི་བྱང་དུ་འོ་ཅག་ལ་མཇལ་དུ་ཡོད་པའི་མཚེའུ་དེའི་དཀྱིལ་ན་ཐུབ་སྐུའི་དབུ་ལ་སྤྲུལ་གྱི་གདེངས་ཀས་ཆར་ཁེབས་བྱས་པའི་རྣམ་པ་ཅན་ཞིག་བཞུགས་ཤིང་། གཞན་ཡང་། “ རྒྱལ་ཆེན་བཞིས་ལྷུང་བཟེད་ཕུལ་བའི་གནས་དང་། ཀུན་ཏུ་རྒྱུ་གཅིག་བཏུལ་བའི་གནས། བདུན་ཕྲག་བདུན་པ་ལ་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཀྱི་སྒོ་འགྲམ། ལྕགས་རིའི་རྒྱབ་ལམ་པོ་ཆེའི་གཡས་ཕྱོགས་ན་ཚོང་དཔོན་ག་གོན་དང་བཟང་སྐྱོང་གིས་སྦྲང་རྩི་དྲངས་ཏེ་སངས་རྒྱས་ཀྱིས་ཤིས་པ་བརྗོད་པའི་སར་སངས་རྒྱས་དང་ཚོང་དཔོན་གྱི་གཟུགས་བྱས་པ་དང་། ལྷོ་ནུབ་ཏུ་བྱོན་ནས་ནྱ་གྲོ་དྷའི་དྲུང་དུ་ཆོས་མི་གསུང་བར་བཞུགས་པ་ལ་ཚངས་པ་དང་བརྒྱ་བྱིན་གྱིས་གསོལ་བ་བཏབ་པའི་གནས་ ”སོགས་སྔོན་གྱི་རྒྱུས་ཤིན་ཏུ་ཞིབ་མོར་བྲིས་ཀྱང་། དུས་ཚོད་ཀྱི་དབང་གིས་དེང་སང་ནི་དམ་པ་གོང་མའི་གནས་བཤད་དེ་དག་ལ་དོ་དབྱིངས་བྱེད་མཁན་སུ་ཡོད་ཨང་།

༣] ལོ་དྲུག་དཀའ་བ་སྤྱད་པའི་དགོས་པ།

ནཻ་ར་ཉྫ་ན་ཞེས་གོ་དུས། ང་ཚོ་མང་པོ་ཞིག་གི་སེམས་ངོས་སུ་བྱེ་མའི་ཀློང་ཡངས་པོ་ཞིག་ཝ་ལེར་འཆར་ངེས། དེ་ནི་འོ་ཅག་ཕལ་མོ་ཆེ་རྡོར་གདན་དུ་དགུན་ཁ་མ་གཏོགས་མ་འབྱོར་བས་ཡིན་ཏེ།  དབྱར་དུས་ཆུ་བོ་འདི་རྒྱས་སྐབས་རྡོར་གདན་གཙུག་ལག་ཁང་དང་ཉེ་བའི་གྲོང་དཀྱིལ་དུ་འཕེལ་བར་བཤད།  ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཐུབ་བསྟོད་ལས། བརྩོན་པས་བྱང་ཆུབ་སྒྲུབ་པར་དགོངས་ནས་ཀྱང་། །ནཻ་ར་ཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱད་ནས་བརྩོན་འགྲུས་མཐར་ཕྱིན་ཏེ། །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། སྙན་གྲགས་ཅན་གྱི་ཆུ་བོ་འདིའི་ཐིགས་པ་རེ་རེས་སངས་རྒྱས་ལ་ངལ་གསོ་བྱིན་མྱོང་བར་མ་ཟད། བསིལ་བའི་རང་བཞིན་གྱི་གཟེགས་མ་རེ་རེས་ག་ཡ་གྲོང་ཁྱེར་གྱི་ཚ་དྲོད་ལས་ལན་མང་བསྐྱབས་ཡོད་ངེས། དེར་བརྟེན་ཆུ་བོ་འདི་ནི་སངས་རྒྱས་ཀྱི་མཛད་པ་དང་འབྲལ་ཐབས་མེད་པ་ཞིག་ཡིན། ནཻ་ར་ཉྫ་ན། ཞེས་པ་ནི་ལེགས་སྦྱར་གྱི་སྐད་དང་། བོད་སྐད་དུ་མི་མངོན་པར་རྒྱུ་བ་ཞེས་པའི་དོན་དུ་སྣང་། དེང་སྐབས་ཆུ་བོ་འདིའི་མིང་ལ་ལི་ལ་ཉྫ་ན་ (लीलझऩ नदी) དང་།  (River Nirnajana ) ཞེས་བརྗོད་ཀྱི་ཡོད། ཆུ་བོ་རི་བོ་ག་ཡའི་རི་ལུང་བརྒྱུད་ལྷོ་ནས་བྱང་དུ་འབབ་བཞིན་ཡོད་ཅིང་། དེ་ནས་བྱེ་མའི་ཀླུང་ཙམ་ཡིན་པའི་ནཻ་ར་ཉྫ་ན་བརྒལ་ཏེ་ཅུང་ཟད་སོང་ན། སྟོན་པས་ལོ་དྲུག་དཀའ་བ་སྤྱད་པའི་གནས་དང་ཞབས་རྗེས་སོགས་མཇལ་རྒྱུ་ཡོད། གནས་དེར་སྟོན་པས་ལོ་དྲུག་རིང་ཉིན་རེར་ཏིལ་གྱི་འབྲུ་རེ་དང་། ཆུ་ཐིགས་རེ་གསོལ་ནས་དཀའ་སྤྱད་མཛད། མཐར་ཞིང་པའི་བུ་མོ་ Sujata ལེགས་སྐྱེས་མས་འོ་ཐུག་ཕུལ་བ་བཞེས་ནས་སྐུའི་གཟི་བྱིན་སྔར་བས་རྒྱས་པར་གྱུར་ཏོ། ། ལེགས་སྐྱེས་མ་འདི་ག་ཡའི་ཕྱོགས་ཀྱི་མཛངས་མ་སྙན་གྲགས་ཅན་ཞིག་ཡིན་ཏེ། དེང་སང་ཡང་མོས་མིང་བཏགས་པའི་ཇ་ཁང་དང་། མགྲོན་ཁང་སོགས་མཐོང་རྒྱུ་ཡོད། སངས་རྒྱས་ཀྱིས་ལོ་དྲུག་རིང་དཀའ་སྤྱད་ཤུགས་ཆེར་མཛད་དོན་གཙོ་བོ་ནི། མུ་སྟེགས་པ་རྣམས་ཀྱིས་མེ་ལྔ་བསྟེན་པ་སོགས་ལུས་ཀྱིས་དཀའ་བ་སྤྱད་ན་ཐར་པ་ཐོབ་པར་འདོད་པའི་ལམ་དེ་ནོར་བ་སྟོན་ཕྱིར་ཡིན་ཏེ། ། བཞི་པ་བརྒྱ་པ་ལས་ཀྱང་། ལུས་ནི་དགྲ་ལྟར་མཐོང་མོད་ཀྱི། ། དེ་ལྟ་ནའང་དེ་སྲུང་བྱ། ། ཁྲིམས་ལྡན་ཡུན་རིང་འཚོ་བ་ལ། ། དེ་ལས་བསོད་ནམས་ཆེན་པོ་བྱེད། ། ཅེས་གསུངས་པ་འདིས་ནང་པ་སངས་རྒྱས་པའི་མཐའ་གཉིས་སུ་མ་ལྷུང་བའི་ཁ་ཟས་ཀྱི་སྤྱོད་ལམ་བསྟན་ནམ་སྙམ། གནས་མཆོག་རྡོ་རྗེ་གདན་གྱི་ཕྱོགས་འདིར་བཅོམ་ལྡན་འདས་ཁྱོན་ལོ་བདུན་ཙམ་བཞུགས་སྣང་ངོ་། །

སྨྲས་པ།

ལ་ལས་སྡིག་པ་ཆུ་ཡིས་འཁྲུད་ཅེས་སྨྲ། །

བདེ་བར་གཤེགས་པས་དགེ་སྡིག་སེམས་ཡིན་གསུངས། །

ཐར་པའི་བདེ་དང་དམྱལ་བའི་འཇིགས་པ་ཡང་། །

ཤེས་པ་སྐད་ཅིག་གཅིག་གི་ཆོ་འཕྲུལ་ཙམ། །

ལེའུ་ཚན་བཅུ་པ། གནས་ཆེན་ཁག་དང་། དེར་བཏབ་པའི་རྡོ་རིང་།

༢] གནས་ཆེན་རྣམས་གང་དུ་ཡོད་དམ།

ནང་པ་ཞིག་ཡིན་ཚེ། གནས་སྐོར་ལ་འགྲོ་བ་ནི། དེང་གི་གཞོན་སྐྱེས་རྣམས་ཡུལ་སྐོར་སྤྲོ་འཁྱམ་ལ་ཕྱིན་པ་ལྟ་བུ་མ་ཡིན་པར། དད་པ་དང་ཡིད་ཆེས་ཀྱི་ཀུན་སློང་དམིགས་བསལ་བ་ཞིག་དགོས་ཏེ། དེ་བས་ཀྱང་ཡོད་ན་དོན་ཆེ་བ་ནི། སངས་རྒྱས་ལ་རྒྱུ་མཚན་ཤེས་ནས་ཐོབ་པའི་དད་པ་དེ་ཡིན། དེས་ན་རང་རེ་སངས་རྒྱས་སྐུ་དངོས་ཀྱི་གསེར་ཞལ་མཇལ་མ་མྱོང་བ་རྣམས་ཀྱིས་ནི་སངས་རྒྱས་ཀྱི་མཛད་ཆེན་བཞི་བསྐྱངས་ཡུལ་གང་ཡིན་ཡིད་ལ་ངེས་པར་བྱ་དགོས་ཏེ། དེ་དག་གང་ཞེ་ན། ལུམྦཱིནཱི་སྐུ་འཁྲུངས་པའི་གནས། རྡོ་རྗེ་གདན་སངས་རྒྱས་པའི་གནས། ཝཱརཱཎཱསི་ཆོས་འཁོར་བསྐོར་བའི་གནས། ། རྩྭ་མཆོག་གྲོང་མྱ་ངན་ལས་འདས་པའི་གནས་བཅས་སོ། ། གཞན་ཡང་། “ ནཱ་ལན་ཌཱ་སྐུ་ཚེ་བྱིན་གྱིས་རླབས་པའི་གནས། མཉན་ཡོད་བདུད་བཏུལ་བའི་གནས། ཤང་ཁ་ས་ལྷ་ལས་བབས་པའི་གནས། རྒྱལ་པོའི་ཁབ་དབྱེན་ཟླུམ་པའི་གནས་ཏེ། དེ་དག་ལ་གནས་ཆེན་བརྒྱད་ཅེས་གྲགས་ཤིང་། བདེ་གཤེགས་མཆོད་རྟེན་བརྒྱད་ཅེས་པའང་གནས་ཆེན་དེ་དག་ན་ཡོད་ ” ཅེས་དགེ་ཆོས་ཀྱིས་གསུངས་སོ། །

༢] མདོ་ལས་གསུངས་པའི་གནས་མཇལ་གྱི་ཕན་ཡོན།

གནས་ཆེན་དེ་དག་མཇལ་བའི་ཕན་ཡོན་ནི། བཅོན་ལྡན་འདས་ཀྱི་མདོ་ལས། “ དགེ་སློང་དག་ང་འདས་པའི་འོག་ཏུ་འདིར་མཆོད་རྟེན་བསྐོར་བ་དང༌། མཆོད་རྟེན་ལ་ཕྱག་འཚལ་བ་དག་འོང་གི། དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཞེས དང་། ང་ལ་དད་པས་དུས་བྱས་པ་དེ་ཐམས་ཅད་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོའོ། ། ཞེས་དང་། དེ་བཞིན་དུ་མདོ་གཞན་དག་ལས་ཀྱང༌།  ང་མྱ་ངན་ལས་འདས་པའི་རྗེས་སུ། དགེ་སློང་གསར་བུ་འགའ་ཞིག་འོང་ནས། ཁྱེད་ཀྱི་སྟོན་པ་ཇི་འདྲ་ཞེས་འདྲི་ན། དེ་དག་ལ་གནས་བཞི་པོ་འདི་དག་བསྟན་པར་བྱ་སྟེ། ཞེས་དང་། མདོ་གཞན་ལས་ཀྱང་གནས་བཞི་པོ་འདི་དག་བསྐོར་བས་མཚམས་མེད་པའི་སྡིག་པ་ཡང་འདག་པར་ ” གསུངས་པ་ལགས་ན། རང་རེ་ཇི་སྲིད་འཚོ་བའི་བར་གནས་ཆེན་བཞི་པོ་འདི་དག་ལ་ཕྱག་དང་བསྐོར་བ། བློས་སྤྲུལ་གྱི་མཆོད་པ། ཐ་ན་གཞན་དོན་དུ་སྨོན་ལམ་ཙམ་རེ་འདེབས་པ་ཡང་བསོད་ནམས་ཆེ་བ་ཡིན་ནོ། །

༣] ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་།

ཆོས་རྒྱལ་མྱ་ངན་མེད་ནི། རྒྱ་གར་གྱི་ལོ་རྒྱུས་ཁྲོད་ཧ་ཅང་ངོམས་རུང་བའི་རྒྱལ་པོ་སྟོབས་ཆེ་ཤོས་དེ་ཡིན། ཁོང་གིས་སངས་རྒྱས་ཀྱི་མཛད་པ་གལ་ཆེན་བསྐྱངས་ཡུལ་གནས་ཆེན་རྣམས་ལོ་རྒྱུས་ནང་ངོས་འཛིན་དང་ཆེ་མཐོང་གསལ་པོར་གནས་སླད། རྡོ་རིང་རིགས་མང་པོ་བསླངས་ཡོད་པ་བཞིན། རྡོ་རྗེ་གདན་གྱི་ཕྱོགས་འདིར་ཆུ་བོ་ནེ་ར་ཛྙ་ནའི་མཆོད་རྟེན་འགྲམ་དུ་བསླངས་པར་སྣང་། འདི་ལ་སྔོན་ཆད་ ‘’ གཞི་འདོམས་བཅུ་གསུམ་ཡོད་ ‘’ ཅེས་ཆག་ལོས་མཛད་པར་གྲགས་པའི་རྡོར་གདན་དཀར་ཆག་ཏུ་གསལ་མོད། དུས་ཕྱིས་ཁ་ཆེས་དམག་གིས་བཅོམ་པས་དུམ་བུར་སོང་བ་ཡིན། ད་ལྟ་མཆོད་རྟེན་གྱི་ལྷོ་ངོགས་ཡོད་པའི་རྡོ་རིང་ཆག་དུམ་ཅན་དེ་ཡང་ནེ་ར་ཛྙ་ནའི་མཆོད་རྟེན་འགྲམ་གྱི་རྡོ་རིང་གི་ལྷག་མ་ཡིན། ཡུན་རིང་བདག་མེད་དུ་ལུས་པ་དེ་རྒྱ་གར་གནའ་ཤུལ་ཁང་གིས་མཆོད་རྟེན་འགྲམ་དུ་བཙུགས་པར་བཤད། དེ་ལྟར་ན་རྡོ་རྗེ་གདན་རང་ལ་རྡོ་རིང་མེད་དམ་སྙམ་ན། དེ་ནི་ཚད་ཐུབ་ཀྱི་གནའ་ཡིག་མང་པོ་བསྔོགས་ཏེ་ཞིབ་དཔྱད་དགོས་པའི་གནས་སུ་འདུག་སྟེ། ཆག་ལོ་དང་དགེ་ཆོས་ཕེབས་སྐབས་ཀྱི་ཡི་གེ་དག་ལ་རྡོར་གདན་རང་དུ་མྱ་ངན་མེད་ཀྱི་རྡོ་རིང་བཞུགས་པའི་བཤད་པ་མ་མཇལ། ད་ལྟའི་རྡོ་རིང་ཆག་དུམ་ཅན་དེ་ནམ་ཞིག་བཞེངས་པའི་ཡི་གེ་དང་དུས་ཚོད་མི་གསལ་ནའང་། ལུམྦཱིནཱིའི་རྡོ་རིང་ངོགས་སུ་རྒྱལ་པོ་ཁྲི་ལོ་ཉེར་གཅིག་པར་ཕྱོགས་དེར་སླེབས་པའི་གནས་ཚུལ་བཀོད་པར་གཞིགས་ན། རྡོ་རྗེ་གདན་དུ་བྱོན་པའི་དུས་སྐབས་ཀྱང་དེ་དང་ཉེ་བ་ཞིག་ཡིན་སྲིད། ལར་ནས་རྡོ་རིང་ལ་སེང་མགོ་ཅན་དང་། གླང་ཆེན་ཅན། རྟ་མགོ་ཅན་སོགས་མང་། རྡོ་རིང་གི་བྱུང་འཕེལ་ཞིབ་འཇུག་གི་ལས་དོན་འདི་སྐད་ཡིག་མང་པོ་མཁྱེན་མཁན་ཚོའི་ལས་ཀ་ཞིག་ཡིན་པས་རེ་ཞིག་བཞག མྱ་ངན་མེད་ཀྱི་སྐོར་ཟུར་དུ་ཤེས་པར་འདོད་པ་དག་གིས་དུས་ཕྱིས་ཀྱི་མཁས་དབང་ཐུབ་བསྟན་མཆོག་གྲུབ་ཀྱིས་བརྩམས་པའི་<< རྒྱ་གར་རྒྱལ་རབས་>> ལ་གཟིགས་པར་ཞུའོ།།

སྨྲས་པ།

མྱ་ངན་མེད་ཀྱི་རལ་གྲི་ལན་གཅིག་གིས།།

འཕགས་ཡུལ་འཛིན་མའི་མངའ་ཐང་དགུང་དུ་བཏེགས།།

ཆོས་ལ་དད་པའི་འདུན་པ་རེ་རེ་ཡིས།།

བསྟན་པའི་ཉི་མ་འབུམ་ཕྲག་འཆར་བར་བྱས།། མུ་འགོད་་་་་་་་

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*