སུ་ཞིག་གིས།

རྩོམ་པ་པོ། ང་ཆེན་པོ།

སུ་ཞིག་གིས། རྗེ་རིན་པོ་ཆེ་ལས། པཎ་ཆེན་ཤཱཀྱ་མཆོག་ལྡན་འདི། ས་སྐྱའི་བསྟན་པ་ལ་གནོད་ཚབ་ཆེ་བ་དང་། ཉེན་ཚབ་ཆེ་བ་ཡོད་རེད་ཟེར་ན། དེ་ནི་གནད་ལུགས་གཏན་ནས་མེད་པའི་སྐད་ཆ་ཞིག་རེད། རྗེ་རིན་པོ་ཆེ་ནི། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་སྐྱེས་བུ་ཆེན་པོ་ཞིག་རེད། རྒྱུ་མཚན་དེས། ས་སྐྱ་པའི་བསྟན་པ་ལ་གནོད་ཡོང་དོན་རྩ་བ་ནས་ཡོད་མ་རེད།

པཎ་ཆེན་ཤཱཀྱ་མཆོག་ལྡན་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་སོགས་ཀྱང་། སྤྱི་སངས་རྒྱས་ཀྱི་བསྟན་པ་དང་། བྱེ་བྲག་ས་སྐྱ་པའི་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་ཤ་སྟག་རེད། དེ་ཡིན་དུས། སྤྱི་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་ས་སྐྱ་པའི་བསྟན་པ་ལ། ཉེན་ཚབ་ཆེ་ཡོང་དོན་དང་། གནོད་པ་སྐྱེལ་ཡོང་དོན་རྩ་བ་ནས་མེད་པ་ཞིག་རེད། རྒྱུ་མཚན་འདིས། དེ་འདྲ་ཁྱོན་ནས་བཤད་མི་ཉན་པ་ཙམ་དུ་མ་ཚད། བསམ་ཡང་ཉན་རྒྱུ་མ་རེད།

གལ་སྲིད། ཀླུ་ཤཱཀ་གཉིས་སོགས་ཀྱིས། ས་བསྟན་ལ་གནོད་པ་དང་། ཉེན་ཁ་དེ་འདྲ་ཡོད་སོང་ན། དེ་ནས་ཀླུ་ཐོག་གཉིས་སོགས་དབུ་སེམས་ཀྱི་སློབ་དཔོན་ཆེན་པོ་གསེར་རིའི་ཕྲེང་བ་ལྟ་བུ་བྱུང་བ་རྣམས། རེ་རེ་ནས་ཆོས་ཅན་དུ་བཟུང་ནས། སློབ་དཔོན་སྔ་མ་སྔ་མའི་བསྟན་པ་ལ་ཤིན་ཏུ་གནོད་ཚབ་ཆེན་པོ་ཅན་དག་དག་ཡིན་པ་ཐལ་བར་ལྡོག་ཏུ་མེད་པ་ཞིག་རེད། གང་ཡིན་ཟེར་ན། སྤྱི་སྟོན་པ་སངས་རྒྱས་དང་། ཁྱད་པར་དམ་པ་གོང་མ་ཚོའི་དགོངས་པ་འགྲེལ་སྟངས་མི་འདྲ་བ་ཤ་སྟག་ཡིན་པས་སོ།།

འདོད་མི་ནུས་ཏེ། སློབ་དཔོན་ཆེན་པོ་འདི་རྣམས་རེ་རེ་ནས། སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་ཆེན་པོ་རྐྱང་རྐྱང་ཡིན་སོང་བས་རེད། ངེས་པ་ཡོད་དེ། དཔེར་ན། ས་སྐྱ་པའི་བསྟན་པ་ལ་ཕན་ན། སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཞིང་། ས་སྐྱ་པའི་བསྟན་པ་ལ་གནོད་ན། སངས་རྒྱས་ཀྱི་བསྟན་པ་ལའང་གནོད་དགོས་པ་མ་ཚད། སྤྱི་སངས་རྒྱས་ཀྱི་བསྟན་པ་ལ་ཕན་མཁན་ཞིག་གིས། བྱེ་བྲག་ས་སྐྱ་པའི་བསྟན་པ་ལ་གནོད་ཡོང་དོན་རྩ་བ་ནས་མེད་པར། ང་ཚོས་ངོས་འཛིན་བྱེད་དགོས་པས་སོ།།

སྐད་ཆ་འདི་མཁན་ཆེན་ཨ་པད་རིན་པོ་ཆེའི་གསུང་ནི་གཏན་ནས་མི་འདྲ་བ་ཞིག་རེད། ཁྱོས་ཅི་ཤེས་ཟེར་ན། ངས་འཁོར་འདས་དབྱེར་མེད་ཀྱི་ལྟ་ཁྲིད་གཙོ་བོར་གྱུར་པའི་ཁོང་གི་གསུང་ཧ་ཅང་མང་པོ་ཞིག་དངོས་སུ་ཐོས་མྱོང་བ་དང་། ད་དུང་། ཁོང་ནི་མཁས་གྲུབ་གཉིས་ལྡན་ཞིག་ཡིན་པ་ཙམ་དུ་མ་ཚད། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ལྷག་བསམ་དཀར་བའི་བླ་མ་བཟང་པོ་ཞིག་ཀྱང་ཡིན་འདུག་པས་སོ།།

དེ་ཙམ་གྱི་ཚད་ལེ་མ་རེད། ཁོང་གི་ཞལ་ཆེམས་སུ་གྲགས་པའི་ཚིག་བཅད་གཅིག་རང་བྱུང་བ་འདི་ཉིད་ཀྱང་། ཁོང་གི་ཐུགས་དཀྱིལ་ནས་རྡོལ་ཡོང་བའི་ཞལ་ཆིམས་དངོས་མ་ཞིག་ཡིན་མིན་ལ། ང་ད་ལྟ་ཡིད་གཉིས་དང་ཐེ་ཚོམ་ཆེ་རུ་འགྲོ་སོང་། གང་ཡིན་ཟེར་ན། ད་ཆར་ཞལ་ཆེམས་དེའི་དོན་རྟོགས་དགོས་ན། སྔོན་སུས་ཀྱང་གོ་རིག་མ་མྱོང་བའི་ཐལ་འགྱུར་ཉིས་བརྒྱ་བཅུ་གཉིས་ཟེར་བ་ཞིག་གསར་དུ་ཐོན་ཡོང་བ་འདིའི་དོན་ཤེས་དགོས་པས་རེད།

སྤྱི་བཏང་བྱས་ན། ས་སྐྱ་གོང་མ་རྣམ་ལྔའི་དགོངས་པ་ཐལ་འགྱུར་ལྟར་འགྲེལ་མཁན་དང་། རང་རྒྱུད་ལྟར་འདོད་མཁན། རང་སྟོང་ལྟར་བཤད་མཁན་དང་།གཞན་སྟོང་ལྟར་བཀྲལ་མཁན། མ་ཟད། རྙིང་ཤས་ཆེ་བ་དང་། བཀའ་ཤས་ཆེ་བ། དགེ་ཤས་ཆེ་བའི་མཁས་པ་ས་སྐྱ་པ་མང་པོ་ཞིག་རིམ་གྱིས་ཐོན་ཡོང་ན། གནས་ཚུལ་དེ་ཉིད་ས་སྐྱ་པའི་བསྟན་པ་རྒྱས་པའི་རྟགས་མཚན་ངོ་མ་དེ་རེད་ལ། གང་ཟག་དེ་དག་ཐམས་ཅད་ཀྱིས། སྤྱི་སངས་རྒྱས་ཀྱི་བསྟན་པ་དང་། བྱེ་བྲག་ས་སྐྱ་པའི་བསྟན་པ་རྒྱས་པར་བྱས་པར། ང་ཚོས་ངོས་འཛིན་བྱེད་ཐུབ་དགོས་པ་ཞིག་རེད།

དེ་ལས་གཞན་དུ། རང་གི་གོ་བ་ལོན་ཚོད་ཙམ་ལས་གཞན་ཐམས་ཅད། ནོར་འཁྲུལ་ཅན་དང་གནོད་ཚབས་ཅན་དུ་བསམ་ནས། དེ་ཡོངས་རྫོགས་ས་སྐྱ་པའི་ཁྱབ་ཁོངས་ནས་ཕྱིར་འབུད་བྱེད་ཐབས་དང་། གནས་དབྱུང་གཏོང་ཐབས་ལ། རྣམ་པ་ཀུན་དུ་འབད་བརྩོན་བྱས་བསྡད་པ་ཡིན་ན། དེས་ས་སྐྱ་པའི་བསྟན་པ་ལ་ཞབས་ཕྱི་མ་ཞུས་པ་ཙམ་དུ་མ་ཟད། ཞབས་འདྲེན་ཆེན་པོ་ཞིག་ཞུས་པར། ང་ཚོས་ངོས་འཛིན་མཐའ་གཅིག་ཏུ་བྱེད་ཆོག་པ་ཞིག་དང་། བྱེད་དགོས་པ་ཞིག་རེད།

རྒྱུ་མཚན་ཅི་རེད་ཟེར་ན། བསམ་བློ་དེ་དང་བྱ་སྤྱོད་དེ་ནི། ས་སྐྱ་པའི་བསྟན་པ་འདི་ཉིད་གོང་འཕེལ་མི་འགྲོ་བའི་རྩ་བ་དང་། དར་རྒྱས་མི་ཡོང་བའི་བཀག་རྡོ་ངོ་མ་དེ་ཡིན་པས་སོ།། ད་ལྟའི་གཞོན་སྐྱེས་ཚོ་ལ་མཚོན་ན། དེ་ལྟ་བུའི་བསམ་སྤྱོད་དེ་ནི། ནོར་འཁྲུལ་ཧ་ཅང་གི་ཆེན་པོ་ཅན་གྱི་བསམ་སྤྱོད་ཅིག་ཡིན་པའི་ཚོར་སྣང་ཧ་ཅང་གི་ཆེན་པོ་ཞིག་ཡོད་པར། ང་ཚོས་ངོས་འཛིན་བྱེད་ཐུབ་པ་ཞིག་རེད་འདུག་བསམ་གྱི་ཡོད།

དེང་རབ་གཞོན་སྐྱེས་ཚོ་ལ་གཙོ་བོ་མངའ་བའི། གུ་ཡངས་དཀྱེལ་ཆེན་གྱི་བསམ་བློ་འདི་ཉིད། ངས་ནི་བཀྲ་ཤིས་པའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅི་རེད་ཟེར་ན། རིང་ནས་གཏན་པོར་གནས་ཡོད་པའི་གོང་གི་བསམ་སྤྱོད་དེ་ཚོ་ལ། མ་འོང་པར། བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་ཞིག་ཡོང་ཐུབ་པའི་རྟགས་མཚན་ཞིག་ལ། ངོས་འཛིན་བྱེད་ཆོག་པ་ཞིག་རེད་འདུག་པས་སོ།། །

སྤྱི་ཚོགས་ཤིག་ཡིན་ནའང་འདྲ། ཆོས་ལུགས་ཤིག་ཡིན་ནའང་ཆོག ཡར་རྒྱས་འགྲོ་དགོས་ན། ཁོང་ཡངས་དཀྱེལ་ཆེན་ཞིན་ཡིན་དགོས་རྒྱུ་འདི། གནད་འགག་ངོ་མ་དེ་རེད། དེ་ལས་གཞན་དུ། རིགས་གཅིག་ལས་མི་ཤོང་བའི་གུ་དོག་གཅིག་སྡུད་རིང་ལུགས་པ་ཞིག་རེད་སོང་ན། ག་ལེར་ཉམས་རྒུད་འགྲོ་རྒྱུ་ལས། ལམ་གཞན་མེད་པར། སྔོན་གྱི་ལོ་རྒྱུས་ཀྱིས། བསྡོམས་ཚིག་བཞག་ཚར་བ་ཞིག་དང་། ད་ལྟའི་གནས་ཚུལ་གྱིས། བསྡོམས་ཚིག་འཇོག་བཞིན་པ་ཞིག་རེད་འདུག་པས་སོ།།

དཔེ་སངས་རྒྱས་ཀྱི་བསྟན་པ་གཅིག་རང་ལ་ཆག་བཞག་ནས་བཤད་ན། སྔོན་ནས་ད་ལྟའི་བར་དུ། སངས་རྒྱས་ཀྱི་དགོངས་པ་འདི་རེད་ཟེར་མཁན་གྱི་མཁས་པ་དང་། གྲུབ་པ་ཧ་ཅང་གི་མང་པོ་ཞིག་བྱུང་བའི་རྐྱེན་གྱིས། སངས་རྒྱས་ཀྱི་དགོངས་དོན་ཡང་། མི་འདྲ་བ་ཧ་ཅང་གི་མང་པོ་མང་པོ་ཞིག་བྱུང་འདུག འོན་ཀྱང་། དེ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་གཅིག་ཡིན་པ་ལས། ཕན་ཚུན་བསྟན་པ་དང་། གྲུབ་མཐའི་ཁྱབ་ཁོངས་ནས། ཕྱིར་འབུད་གཏོང་རེས་བྱས་ཡོད་མ་རེད།

གནད་དོན་འདིས་ཅི་ཞིག་མཚོན་གྱི་ཡོད་རེད་ཟེར་ན། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་གོང་འཕེལ་སོང་བར་མཚོན་གྱི་ཡོད་རེད། ལོ་རྒྱུས་ཀྱི་ཐོག་ལ་ཏོག་ཙམ་ཏོག་ཙམ་གུ་དོག་རིང་ལུགས་པས། ཕྱིར་འབུད་གཏོང་ཐབས་ཀྱིས། བཀྲ་མ་ཤིས་པའི་གནད་དོན་དེ་འདྲ་བྱུང་ཡོད་རེད་དེ། འོན་ཀྱང་། མཐའ་མར། གུ་ཡངས་དཀྱེལ་ཆེན་པ། མང་སོང་བའི་དབང་གིས། ཡོངས་རྫོགས་སངས་རྒྱས་ཀྱི་བསྟན་པ་གཅིག་རང་གི་ཁྱབ་ཁོངས་སུ། ཐག་གཅོག་བྱེད་ཐུབ་པར་བྱུང་འདུག

མ་འོང་པ་ཡིན་ནའང་ཁ་ཕྱོགས་འདིའི་ཐོག་ལ་འགྲོ་ཐུབ་ན་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་འགྲོ་བར། ཚོད་དཔག་བྱེད་ཆོག་གི་རེད་ལ། ས་སྐྱ་པའི་བསྟན་པ་ཡིན་ནའང་གཅིག་པ་རེད། ལུང་ཤ་ལྤགས་གཉིས་དེ་གར་འཐེན་ཞེས་པའི་དཔེ་ལྟར། གོང་མ་རྣམ་ལྔ། གོ་ཤཱཀ་སྟག་གསུམ་སོགས། མཁས་གྲུབ་གོང་མ་ཚོའི་དགོངས་པ་འགྲེལ་མཁན་ལ། མི་འདྲ་བ་ག་ཚོད་མང་པོར་བྱུང་ནའང་། དེ་ཙམ་གྱིས། ས་སྐྱ་པའི་བསྟན་པ་རྒྱས་པར། ངོས་འཛིན་བྱེད་དགོས་པ་ཞིག་དང་བྱེད་ཆོག་པ་ཞིག་རེད།

མི་ཁ་ཤས་ཀྱིས། མང་མ་མང་ཅི་ཡོད་མ་རེད། བསྟན་པ་རྣམ་པར་དག་པ་ཞིག་བྱུང་ན། དེས་ཆོག་གི་རེད་བསམ་སྲིད། རེད་དེ། བསྟན་པ་རྣམ་པ་དག་མ་དག་ཟེར་མཁན་འདི་ཉིད། སུ་དང་གང་གིས་ཐག་གཅོད་བྱེད་དགོས་སམ། དྲང་པོར་བྱས་ན། ལུང་ཚིག་གཅིག་རང་ལ་ཆག་བཞག་ནས་བཤད་ནའང་། མཁས་པ་རེ་ལ་གོ་ལུགས་རེ་དང་། ཚིག་གྲུབ་རེ་ལ་འགྲེལ་སྟངས་རེ་ཡོད་པ་འདི་ནི། སུས་ཀྱང་འགོག་ཐུབ་ཀྱི་མ་རེད་ལ། སུ་ལའང་དགག་པའི་དབང་ཆ་དེ་ཡོད་མ་རེད་བསམ་གྱི་ཡོད།

སྐབས་འདི་ཡང་། གོང་མ་རྣམ་ལྔའི་དགོངས་པ་དེ། གོ་ཤཱཀ་སྟག་གསུམ་དང་། མཁྱེན་ཀླུ་རྣམ་གཉིས་སོགས། གང་ཞིག་གིས་བཤད་སྟངས་དེ་ཉིད་རྣམ་པར་དག་པ་དང་། ཡང་སུ་ཞིག་གིས་འགྲེལ་ལུགས་དེ་ཉིད་རྣམ་པར་མ་དག་པ་ཡིན་པར། ད་ལྟ་ང་ཚོ་སུ་དང་གང་གིས་ཀྱང་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད་ལ། སུ་དང་གང་ལའང་དབང་ཆ་དེ་ཡོད་རྒྱུ་མ་རེད་བསམ་པ་འདི་ཡིན།

འོན་ཀྱང་། ཕན་ཚུན་དགག་སྒྲུབ་བྱེད་ཆོག་གི་རེད། ཇི་ལྟར་ཞེས་ན། རང་གིས་བཤད་སྟངས་དང་། གཞན་གྱིས་འགྲེལ་ལུགས་དེ་ཉིད། སྤྱིར་སངས་རྒྱས་དང་། པཎ་གྲུབ། བྱེ་བྲག་གོང་མ་རྣམ་ལྔའི་དགོངས་པ་དང་འགྲིག་ཡོད་མེད་དང་། འགལ་འགྲོ་མིན་སོགས་ཀྱི་ཐད་ནས། དགག་སྒྲུབ་ཇི་ལྟར་བྱས་ཀྱང་བྱེད་ཆོག་པ་ཙམ་དུ་མ་ཚད། བྱས་ན་རིགས་ཤིག་འཐད་པ་ཞིག་ལ་ངོས་འཛིན་བྱེད་དགོས་རྒྱུ་རེད།

དེ་ལས་གཞན་དུ་ཁྱོད་ས་སྐྱ་པའི་ཆོས་རྒྱུད་འཛིན་མཁན་མ་རེད། ཆོས་རྒྱུད་གཞན་དང་གཞན་ཞིག་འཛིན་མཁན་ནམ། ཡང་ན་མི་འཛིན་མཁན་ཞིག་རེད། རང་གི་བསམ་བློ་དང་འདྲ་ན་མཁས་པ་དང་། མ་འདྲ་ན་བླུན་པོ། ཐ་ན་སངས་རྒྱས་པ་མ་རེད། མུ་སྟེགས་པ་རེད་སོགས་བརྫས་ནས། གཞན་ལ་ངན་སྨྲ་སྣ་ཚོགས་བྱས་ན། འདིས་ནི་རང་མཚང་གཞན་ལ་གསལ་སྟོན་བྱས་པ་ཙམ་ལས། གཞན་གང་ཡང་མཚོན་ཐུབ་ཀྱི་མ་རེད།

མ་ཟད། དེ་ལྟ་བྱས་ན། གཞན་གྱི་བསམ་བློ་དང་། གཞན་གྱི་རང་དབང་ལའང་ཚོད་འཛིན་དང་། བཀག་རྒྱར་བྱས་པར། ང་ཚོས་ངོས་འཛིན་བྱས་པ་ཡིན་ན་ཡང་། ཐལ་མི་ཆེ་བའི་བསམ་བློ་འདི། ང་དང་ང་ལྟ་བུའི་མི་མང་པོ་ཞིག་ལ་ཡོད་པར། ད་ལྟའི་ཆར་ང་ཚོས་ཐག་གཅོད་བྱེད་ཐུབ་པ་ཞིག་གམ། ཡང་ན་ངོས་འཛིན་བྱེད་ཆོག་པ་ཞིག་རེད།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*