སྒྱུ་རྩལ་པ་༧ དཔལ་ས་སྐྱའི་བདག་མོ་སྐལ་ལྡན།

༧སྐྱབས་མགོན་གོང་མ་ཁྲི་ཆེན་མཆོག་གི་ཞལ་གསུང་བྱིན་ཅན་གྱི་སྒམ། <<ཞལ་གསུང་བྱིན་སྒམ།>>

སྤྱིར་བཏང་སྒྱུ་རྩལ་དང་རིག་རྩལ་ཞེས་པ་ནི་ཐོག་མ་གང་ནས་དར་བ་དང་ཕྱིས་སུ་ཁྱབ་གདལ་ཇི་ལྟར་བྱུང་ཚུལ་དེ་ཙམ་ཁོ་བོར་བཤད་རྒྱུ་མེད་ནའང་། རྩོམ་རིག་པ།  བསམ་བློ་བ། སློབ་གསོ་པ། གར་མཁན། རིས་མོ་བ། བརྐོས་རྒྱག་མཁན།  བཟོ་བཀོད་པ་སོགས་སྒྱུ་རྩལ་པ་དང་རིག་རྩལ་པའི་ཁྱབ་ཁོངས་སུ་ཡིན་ངེས་པར་བཤད་ཅི་ལ་དགོས། དེང་རབས་ཀྱི་སྤྱི་ཚོགས་དང་སྒོ་བསྟུན་ནས་དཔེ་གསར་དང་ཐོན་སྐྱེད་སོགས་ཀྱི་རྗེས་སུ་སྙེག་སྟེ། གསར་གཏོད་ཀྱི་ཁ་ཕྱོགས་ནས་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་མཛེས་དཔྱོད།  འཆར་འགོད། སྒྱུ་རྩལ། མཛེས་རྩལ། རི་མོ་བཅས་ཕྱོགས་གང་ཐད་ནས་མདུན་བསྐྱོད་ཀྱི་གོམ་སྟགས་ལ་སྤྲོ་སྣང་དང་ཧུར་བརྩོན་ཅན་གྱི་དཔལ་ས་སྐྱའི་བདག་མོ་སྐལ་ལྡན་ཡིན་པར་ཁོ་བོས་མཐོང།   དཔེར་ན། ༧འཇམ་མགོན་ས་སྐྱ་པཎ་ཆེན་མཆོག་གི་རྣམ་ཐར་རི་མོ་ལམ་ནས་བློ་གསར་བྱིས་པ་དག་ལ་ངོ་སྤྲོད་ཀྱི་བརྙན་དེབ་གསར་གཏོད་དང་། ས་སྐྱ་པའི་ལོ་ཐོ apps/application ་གསར་གཏོད་དང་། རི་མོའི་མགྲོན་ཤོག་ pictorial cards གསར་གཏོད། མཛེས་ཆོས་ལྡན་པའི་ཁ་རས་ Designed masks གསར་གཏོད། དེང་རབས་ཀྱི་དཔེ་ཁུག་གསར་གཏོད། མཛེས་ཆོས་ལྡན་པའི་བྲིས་དེབ་གསར་གཏོད།   ཁྱད་པར་དུ་ད་ལན་༧ སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་ཞལ་ནས་གསུང་པའི་བྱིན་རླབས་ཅན་གྱི་སྒྲ་མཛོད་<<ཞལ་གསུང་བྱིན་སྒམ།>> ཧ་ཅང་ཡག་པོ་ཞིག་གསར་བཟོ་གནང་འདུག  དེའི་ནང་དུ། སྡེ་ཚན་བཅུ་འདུག  ༼༡ ཨོྃམཎིཔདྨེཧཱུྃཿ   ༼༢ སྒྲོལ་མའི་བསྟོད་པ་དང་གཟུངས། ༼༣ འཇམ་པའི་དབྱངས་ཀྱི་བསྟོད་པ་དང་གཟུངས། ༼༤རྣམ་པར་སྣང་མཛད་ཀྱི་གཟུངས། ༼༥ གུ་རུ་རིན་པོ་ཆེའི་ཚིག་བདུན་གསཔལ་འདེབས་དང་མཚན་སྔགས། ༼༦ སྨན་བླའི་གཟུངས། ༼༧ རྗེ་བཙུན་འཇམ་པའི་དབྱངས་ས་སྐྱ་པཎ་ཆེན་མཆོག་གི་གསོལ་འདེབས་ཤེས་བྱ་མའི་མཁའ་དབྱིངས་མ། ༼༨ བཀྲ་ཤིས་ཚིགས་སུ་བཅད་པ་ལས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཚིགས་བཅད་ཁག་གསུམ། ༼༩ དཔལ་ས་སྐྱ་ནད་གྲོལ་མ། ༼༡༠ འགྲོ་ལ་བདེ་སྐྱིད་མ་བཅས་བཞུགས་སོ། དད་འདུན་དང་དོན་གཉེར་ཅན་ལ་རྩ་ཆེན་བའི་ཞལ་གསུངས་བྱིན་སྒམ་འདི་སྐེ་ལ་འདོགས་ཏེ། འགྲོ་ཞོར་དང་འདུག་ཞོར། ཉལ་ཞོར་སོགས་ལ་སྟབས་བདེ་ངང་ཉན་འཇོག་བྱེད་ཆོག་པ། དཔེར་ན། འགྲིལ་འགྲུལ་སྐབས་བྱིན་ཅན་ཞལ་གསུང་འདི་རྣམས་ཉན་ན་རྐྱེན་ངན་བར་ཆད་བཟློག་ཐུབ་པ་དང་སེམས་ལ་ཞི་བདེའི་ངང་གནས་ཐུབ་པར་ཡིད་གཉིས་ཐེ་ཚོམ་མེད་པར་ཁོ་བོས་ཚིག་ཐག་གཅོད་ནས་བཤད་ཐུབ།

དེའི་ཕྱིར་མཛེས་ཆོས་ལྡན་པའི་དེང་རབས་ཀྱི་ཁྱད་རྟགས་མངོན་པར་གསལ། དེ་བཞིན་དུ་ཆོས་ཚན་གཉིས་ཀྱི་ལྟ་གྲུབ་ལས་མིའི་རིན་ཐང་དང་རྩིས་ཐང་།  བསམ་བློ་བཅས་པར་གོང་བཀུར་དང་གཅེས་སྤྲས།  གཙིགས་འཛིན་ཚད་མེད་བྱས་ཐོག  མི་སུ་ཞིག་ཡིན་རུང་རང་ཉིད་ཀྱི་འདོད་པ་དང་ལོངས་སྤྱོད་སྒྲུབ་ཆོག་པ་དང་། མི་ཚེའི་བདེ་སྐྱིད་འཚོ་བ་འཚོལ་ཆོག་པ་དང་། སྤྱི་ཚོགས་ཀྱི་དཔྱོད་ཤེས་དང་གོ་ཧྲག་བགོས་ཏེ།  སྒྱུ་རྩལ་དང་རིག་རྩལ།  རིགས་སྟོབས་དང་སློབ་གསོ་བཅས་ལ་གཙིགས་སུ་འབེབས་ཏེ།  དེང་རབས་ཀྱི་སྤྱི་ཚོགས་ཀྱི་གབ་པ་ལས་མངོན་དུ་འཕགས་ནས། དེང་རབས་ཀྱི་སྤྱི་ཚོགས་དང་བསྟུན་ནས་དཔྱོད་ཤེས་དང་རིག་འདེད་ཀྱི་བསམ་བློ་གཏོང་བའི་དཔལ་ས་སྐྱའི་བདག་མོ་སྐལ་ལྡན་མཆོག་ནི་སྒྱུ་རྩ་པ་ཞིག་རེད།

གདོང་མཁན་པས། གནས་མཆོག་རྡོར་གདན་ནས། ༢༠༢༢།༡༢།༡༠།༡༡།༢༥ རྡ་ས་འབྱོར་མཚམས་ཚིག་གནད་ཀྱི་ཡིག་འབྲུ་རེ་གཉིས་ཙམ་བསྣན་ཏེ་ཁ་སྐོང་བྱས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*