དྲན་མགུར་ཁ་བ་ཐར་ཐོར་འབབ་སའི་རྨ་འགྲམ།

༼ཞར་བཀོད་གཅིག༽

གངས་ཆུ་ཤེལ། ༼གཙང་སྐོར།༽

སེམས་པ་དྲན་འཛིན་རི་བོའི་དབུ་རྩེ་རུ་བུད་དེ། །
བསམ་གཞིག་མ་ཀླུང་སྔོན་མོའི་གཅོང་རིང་དུ་འགྲིམ་དུས། །
ལོ་ཟླའི་དཀའ་སྡུག་རུམ་པའི་ཡིག་འབྲུ་ཡི་ངུ་ཤམ། །
བས་མཐའི་ས་འཛིན་པང་དུ་འདི་སྐད་དུ་འཐོར་རོ། །

ལྷན་སྐྱེས་གཞོན་ཚུགས་སྣུམ་པོ་ཆུ་སྐྱེས་ཀྱི་དོ་ཡ། །
བརྩེ་བའི་ངང་ཚུལ་དགོད་པ་རི་དྭགས་ཀྱི་མིག་དེར། །
ལས་འཕྲོ་དུང་གདུབ་ཆ་གཅིག་དྲན་པ་ཡི་ཚབ་ཏུ། །
བར་སྣང་འཕྲིན་པ་བྲེལ་མོ་ཆུ་འཛིན་ལ་བསྐུར་ཡོད། །

ལས་ཀྱི་ཁ་ཡིག་སྙིང་གི་ཤིང་ལོ་ལ་བྲིས་ཤིང་། །
དམ་བཅའི་མདུད་པ་ཚེ་རབས་ཕྲེང་བ་རུ་བརྒྱུས་ཡོད། །
རེ་སྒུག་ལོ་ལ་སྙལ་བའི་ཁྲེལ་གཞུང་དང་ཕྱི་ཐག །
ང་དང་ཆུང་འདྲིས་གཉིས་ཀྱིས་མཉམ་བཞེས་ཤིག་གནང་ཆོག །

ཚིག་དང་སྐད་ཆ་གཉིས་ཀྱི་ཧྲག་བར་དུ་ལུས་པའི། །
བརྡ་དང་ཐ་སྙད་གཉིས་ཀྱིས་མཚོན་ཐབས་རང་མེད་པའི། །
ཞེ་འདང་སྦྲང་ཆུང་འཁོར་སའི་ཀུ་མུད་ཀྱི་བུ་མོ། །
གཞོན་པའི་སེམས་སུ་འཁྲུངས་པའི་དམར་ཆུང་གི་དོད་ཡིན། །

ཨུཏྤལ།

དབྱར་མེ་ཏོག་ལུང་བའི་གཡང་དཀར་ཁྱུ་དང་ལྷན། །
ཞེ་སྣང་བའི་རི་མོ་སྤང་ལ་འབྲི་རོགས་བོ། །
ལས་ཐོད་པའི་ཨ་ཡིག་བསམ་ནག་མིན་སོང་ན། །
འདང་ཨ་ལུང་བརྒྱུས་ན་ཚེ་འདིའི་བསོད་ནམས་ཡིན། །

སེམས་སྐད་ཆ་གཉིས་ལ་བར་ཐག་དཔག་ཚད་ཅིག།
ཡིད་ཟབ་མོའི་གཏིང་དུ་གཞན་པ་ཡོད་མདོག་ཅིག།
ལས་འདི་འདྲའི་རྫོབ་རྟགས་ནམ་ཡང་མི་མངའ་བའི། །
དབྱར་དྲུག་པའི་ནང་གི་ཨུཏྤལ་དམར་བོ་ཡིན། །

ལོ་ཟླ་བའི་བཞུད་འགྲོས་ངང་གིས་འཁོར་བ་ན། །
བྱ་ལེགས་ཉེས་གང་ཞིག་སེམས་ཀྱིས་མ་ཐེག་ན། །
བློ་སྦ་གསང་མེད་པར་ནང་སེམས་གླན་ཆོག་པའི། །
ཚེ་སྔོན་མས་བསྩལ་བའི་ལས་ཀྱི་དཔུང་ཡ་ཡིན། །

སྐྱིད་གཞན་ལ་སྨོན་པའི་འགྲམ་ཆུ་མི་ཤོར་ལ། །
སྡུག་ཅུང་ཙམ་རེག་ན་བློ་སྤོབས་མི་ཞུམ་པའི། །
ལས་རྒྱུ་འབྲས་གཉིས་ལ་ཡིད་ཆེས་གཏད་ཡོད་ཅེས། །
འདང་སྙིམ་པའི་ནང་གི་ཡོད་ཚད་ཁྱོད་རང་ཡིན། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*