ལས་ཀྱི་བགོ་སྐལ།

 ལྷའི་རྫི་བོས།
མྱ་ངམ་ཐང་གི་སྲིད་པའི་འཁོར་བ་ན།།
སྨིག་རྒྱུའི་སྣང་བའི་འདོད་སྲེད་མ་འགེངས་པར།།
ཆར་ཆེན་འབེལ་པོའི་ལྷུམས་སུ་ཞུགས་དོན་ནི།།
དཔྱིད་ཀྱི་དཔལ་ཡོན་གཟུགས་ལྔའི་རྟེན་གཞི་དེ།།
ཚང་ཚང་ལྗོན་སྐྱེས་འགྲོ་བ་བདེ་ཕྱོགས་བསྐྱལ།།
འཛམ་གླིང་པ་རྣམས་ཚེ་ལོ་བརྒྱ་པའི་དུས།།
སླད་བྲལ་ཡུལ་དབུས་སེར་སྐྱའི་གྲོང་པ་དང་།།
འཛམ་གླིང་རྒྱལ་རིགས་བཀུར་བཞིན་ཡོད་པ་དེས།།
རིགས་ནི་ཁྱད་འཕགས་མ་གཱའི་རྒྱལ་རིགས་མཐོང་།།
མང་པོས་བཀུར་ཕྱིར་ཤཱཀྱའི་རྒྱལ་རྒྱུད་དང་།།
ཡོན་ཏན་སོ་བཞི་དང་ལྡན་བུད་མེད་ནི།།
ཡུམ་ཆེན་མཛངས་མ་སྒྱུ་འཕྲུལ་མ་ལ་གཟིགས།།
ཏན་ཏན་སྐལ་བའི་དུས་དེར་དམིགས་ནས་ནི།།
གླང་ཆེན་སྒྱུ་མའི་རྟེན་འབྲེལ་སྣ་ཚོགས་ཀྱིས།།
རྣམ་འདྲེན་བཞི་བ་ཡུམ་གྱི་མངལ་དུ་ཆགས།།
གང་ཚེ་ས་ག་ཟླ་བའི་ཚེས་བདུན་ལ།།
ཡུམ་ཆེན་སྒྱུ་འཕྲུལ་མ་ཉིད་གྲོང་ཁྱེར་གྱི།།
ཟང་ཟིང་འདུ་འཛི་གཡོལ་ཕྱིར་ལུམྤི་ནཱིར།།
ཕེབས་ཏེ་གླིང་ན་དཀོན་པའི་ཨ་ཤཱཏྠའི།།
ཙན་དན་ལྗོན་ཤིང་འབོལ་པོའི་ལྷུན་གྱིས་གྲུབ།།
ངོ་མཚར་རྣམ་ུཔར་བཀྲ་བའི་མཚན་མ་མང་།།
དེའི་ཚེ་ལྷུམས་སུ་ཟླ་བ་བཅུ་ཞུགས་པའི།།
ཟས་གཙང་བློ་ཡི་མ་གཱའི་རྒྱལ་སྲས་ནི།།
ཡུམ་ཆེན་ཕྱག་གཡས་བླཀྵའི་ལྗོན་ཤིང་ལ།།
བརྟེན་ཞིང་གློ་ཡི་གཡས་པ་བརྟོལ་བ་ནས།།
མེ་ཏོག་སྣ་མང་ཁ་ནི་རང་བྱེ་ཞིང་།།
ཀུན་དགའ་བོ་སོགས་གཞོན་ནུ་ལྔ་བརྒྱ་བཙས།།
འཇིག་རྟེན་དུས་གཡོ་འོད་སྣང་ཆེར་འབྱུང་ཞིང་།།
སྔོགས་ལྡན་ལ་སོགས་རྟ་མཆོག་ལྔ་བརྒྱའང་བཙས།།
སྐལ་བའི་དུས་ཀྱི་རྟེན་འབྲེལ་ཁྱད་པར་ལ།།
སྤྲུལ་བའི་སྐུ་ལུས་བལྟམས་ཏེ་གོམ་བདུན་སྤོས།།
ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས།།
དྲང་སྲོང་ནག་པོ་ཉོན་མོངས་མེད་པས་ཀྱང་།།
ཁྱེའུ་འདི་ཡིས་རྒྱལ་རྒྱུད་མི་འཛིན་ཞིང་།།
འགྲོ་བའི་དོན་དུ་རབ་བྱུང་སངས་རྒྱས་འགྱུར།།
ང་ནི་དེའི་ཚེ་གསོན་སྐལ་མེད་པའི་ཕྱིར།།
བསོད་ནམས་དམན་ཅེས་སྤྱན་ཆབ་གཏོར་བཞིན་དུ།།
ཁྱེའུ་ཞབས་ཟུང་དཔྲལ་བའི་ཐོག་ཏུ་བཞག།
རྗེ་བོའི་ཐུགས་འགལ་མི་འཇིགས་ཐད་ཀར་ཞུས།།
རྒྱལ་བུ་དོན་གྲུབ་སྡུག་ལས་གཡོལ་ཕྱིར་དུ།།
ཡབ་ཆེན་ཟས་གཙང་གིས་ནི་ཁྲིམས་འཇོག་ཀྱང་།།
ལྷན་སྐྱེས་སྙིང་རྗེའི་ཤན་ཤུགས་རེ་རེ་ཡིས།།
ས་འཚོ་མ་དང་རྒྱལ་རྒྱུད་འཁོར་དང་བཅས།།
སྤངས་དེ་རབ་ཏུ་བྱུང་ཕྱིར་ཡུལ་གཞན་ཡུལ་འགོས།།
དགུང་ལོ་དུ་མའི་རིང་གི་འཕྲིན་ལས་ཀྱིས།།
ཚོགས་གཉིས་སྒྲིབ་པ་མངོན་པར་སྦྱངས་ནས་ནི།།
གདུལ་བྱའི་དོན་དུ་ཆོས་འཁོར་བསྐོར་སླད་དུ།།
འཕགས་ཡུལ་རྡོ་རྗེ་གདན་གྱི་ཐ་གྲུ་རུ།།
མ་གཱ་ད་ཡི་བྱང་ཆུབ་ཤིང་དྲུང་དུ།།
ཀུན་ལས་རྒྱལ་ནས་ཐར་བའི་ལམ་བཟང་རྙེད།།
མངོན་པར་རྫོགས་པ་མཛད་ལ་གུས་པས་འདུད།།
གལ་ཏེ་ཡོད་ན་གལ་ཏེའི་ཚིག་འདི་ཡིས།།
གལ་ཏེ་ཁོང་ཉིད་བྱོན་པ་མ་ཡིན་ན།།
ང་ཅེས་བདག་ཏུ་འཛིན་པ་བྱ་བ་དང།།
སྲོག་གཅོད་པ་ལ་སྡིག་པར་མི་འཛིན་ཞིང་།།
རྒྱུད་ཀྱི་ཉེ་རིང་ཆགས་སྡང་བཏང་མི་སྙོམས།།
ང་དག་ལྡོམ་བུ་ཞིག་ཏུ་གྱུར་རམ་ཅི།།
གང་ལྟར་སྐབས་དེར་བྱོན་པར་རབ་ཏུ་ལེགས།།
ད་ལྟའི་དཔུང་བ་གཤིབས་པའི་ང་ཚོ་ནི།།
སྐད་གདངས་མཉམ་ལ་ཚར་དུ་དངར་བའི་སྒོས།།
རིག་གནས་ཆེ་ཆུང་གང་ལ་ཞུགས་ཐུབ་དེས།།
གངས་ལྗོངས་མདུན་གྲས་བསྐྱོད་བཞིན་སྔོན་ཐོན་པ།།
ལང་ཚོའི་རྦབ་ཆུ་ང་ཚོ་ཡིན་དགོས་ཤིང་།།
རང་གྲོལ་གྱིས་ཀྱང་ང་ཚོར་བལྟ་མུས་མཆིས།།
ང་ཚོས་ཅིས་ཀྱང་ངལ་བ་བྱ་འོས་ཏེ།།
བསོད་ནམས་ཚོགས་ཀྱིས་སྐལ་བའི་དུས་འདི་ནི།།
བུ་རམ་ཤིང་པས་ང་ཚོར་ལམ་སྟོན་པར།།
སྙིང་རྗེ་བཟང་པོ་ཐན་ཐུན་ཙམ་ཡོད་པར།།
ལས་འབྲས་གང་ལ་དང་དུ་ལེན་མོས་ཕྱིར།།
ཁ་བའི་ལྗོངས་ལ་རྐང་རྗེས་རེ་འཇོག་འོས།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*