༄། །ལྷ་རྒྱལ་སྲང་གི་ཆོས་སྡེའི་རྡོར་འཛིན་ཨ་འཛི་ ངག་དབང་བཟང་པོའི་རྣམ་ བསྡུས་བཞུགས།

 ༈ ཡིད་ལྷུང་ལྷ་རྒྱལ་སྲང་གི་ཆོས་སྡེའི་བསྟན་པའི་བདག་པོ། སྙན་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཛིན་པ་མདོ་ཁམས་པ་འམ་ངོར་བའི་དཔོན་སློབ་ངག་དབང་བཟང་པོ་ནི།

༄༅། །འཛམ་གླིང་ཤར་ཕྱོགས་གངས་ཅན་བོད་ཡུལ་གྱི་ཆར་གཏོགས། མདོ་ཁམས་སྡེ་དགེའི་མངའ་ཁོངས་ཡིད་ལྷུང་ལྷ་རུ་ཞེས་པའི་ས་ཆ་དེར་ཡུལ་གྱི་དགེ་མཚན་མཐའ་དག་ཚང་བ།  ཡུལ་ལྷ་ཆེན་པོ་གཉན་ཆེན་སྐུ་ལྷ་གེ་མཛོ་གཉན་པོ་དང་། ལྷག་པར་ཡུལ་སྐྱོང་ཟོ་དོར་གཉན་པོ་ཝེར་མ་བྲག་ནག་རྡོ་རྗེ་གཞོན་ནུས་བདག་གིར་མཛད་པའི་སའི་ཕྱོགས་ལྷ་རུ་དཔོན་ཚང་དང་ཉེ་བ་ན། ཡིད་ལྷུང་དུ་དཔོན་ལྷ་ཐོག་ལྷ་རུས་དབང་བསྒྱུར་སྐབས་ནས་བཟུང་ལྷ་རུ་དཔོན་ཚང་གི་བློན་རྒྱུད་གླིང་སྨུག་པོ་ལྡོང་གི་རུས་ཚན་ལས་ཆད་པར་གྲགས་པའི་ཡ་རབ་དྲ་མའི་ངང་ཚུལ་ཀུན་གྱིས་དཔེར་བཞག་འོས་པ། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་རྟོགས་བརྗོད་ཝཾ་རྟགས་ཅན་ལས། ཡིད་ལྷུང་ནས་ཆོས་རྗེ་ཕུན་ཚོགས་ཆོས་འཕེལ་གཙོས་དཔོན་ཚང་གི་ཧོ་རའི་དགེ་སློང་བཅོ་ལྔ་ཉི་ཤུའི་སྐོར་དང་ཨ་འཛི་སྒར་སྟོད་སྨད་བཅས་ཀྱི་འཇམ་མགོན་ས་སྐྱ་པ་ཆེན་པོ་དང་། ཀུན་མཁྱེན་ཨེ་ཝཾཾ་པ་ཆེན་པོས་གཙོས། རྒྱལ་བསྟན་དར་ཞིང་ཆོས་རྒྱལ་སྡེ་དགེ་ཚང་གི་བསྟན་སྲིད་རྒྱས་པ་མཛད་དོ་ཞེས་གསུང་པའི་ཆོས་རྗེ་ཁུ་དབོན་གྱི་དུས་ནས་དབུ་བརྙེས་པའི་དཔལ་ས་སྐྱའི་ཆོས་སྒར་རམ། ས་ངོར་གྱི་ཆོས་རྒྱུད་འཛིན་པའི་ཨ་འཛི་སྒར་བ་ཞེས་ཡོངས་སུ་གྲགས་པའི་ཁྱིམ་རྒྱུད་དེ་ལ་མཁས་བཙུན་གྲུབ་པའི་རྣལ་འབྱོར་པ་མང་དུ་བྱོན་ཚུལ་ནི། ཡང་མཁན་ཆེན་མཆོག་གི་རྟོགས་བརྗོད་ལས། ཡིད་ལྷུང་ནས་ཨ་འཛི་བླ་མ་བསོད་ནམས་བློ་གྲོས་ཞེས་གསུངས་པ་དང་། ཞུ་ཆེན་པས་དེ་ནས་བཏེག་པའི་ལམ་དུ་ཨ་འཛི་དགེ་སློང་ཀུན་དགའ་ཆོས་འཕེལ་གྱིས་འབོད་པར་སོང་ཞེས་དང་། ཡང་ངོར་ཐར་རྩེ་ཁུ་དབོན་གྱི་རྣམ་ཐར་ཆེན་མོ་ལས། ཡིད་ལྷུང་ནས་ཨ་འཛི་བླ་མ་ངག་དབང་ཆོས་གྲགས་ལས་ཐར་རྩེ་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཆོས་གསན་མྱོང་ཚུལ་དང་། ཡང་ཨ་འཛི་བླ་མ་ངག་དབང་ཆོས་འབྱོར་ཞུ་བ་ཁོང་ནི། བྱམས་པ་ནམ་མཁའ་འཆི་མེད་ཀྱི་རྣམ་ཐར་ལས། ཕན་ཚུན་ཆོས་ཀྱི་གསན་རེས་མཆིས་པ་སྡེ་དགེའི་དབུ་བླ་ངག་དབང་ཆོས་འབྱོར་ཞེས་གསུངས་པ་དང་།  མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་ཐུགས་སྲས་ཡིན་ཚུལ་ཡང་། རྣམ་ཐར་ཆེན་མོ་ལས་ཐུགས་སྲས་རྣམས་ཀྱི་མཚན་གསུང་པའི་སྐབས།  བདུན་པ་རྒྱལ་པོའི་བླའི་མཆོད་གནས་སུ་མངའ་གསོལ་ཞིང་ཟབ་རྒྱས་ཆོས་ཚུལ་སྟོན་པ་བདུན་ལས། སྨིན་གྲོལ་གདམས་པའི་གཏེར་མཛོད་བླ་མ་ངག་དབང་ཆོས་འབྱོར་པ་དང་། ཡང་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོས་ཐུགས་སྲསའང་ཡིན་ཏེ། རྣམ་ཐར་ཆེན་མོ་ལས་ཐུགས་སྲས་རྣམས་ཀྱི་མཚན་གསུང་པའི་སྐབས་མཁས་དང་གྲུབ་པའི་གཙུག་བརྒྱན་བླ་མ་ངག་དབང་ཆོས་འབྱོར་གསུང་པའི་ཨ་འཛིའི་ཁྱིམ་རྒྱུད་དུ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་དབུ་ཡི་མཆོད་གནས་སྙན་རྒྱུད་བསྟན་པའི་མངའ་བདག་གུར་གྱི་མགོན་པོ་དངོས་མཐུ་སྟོབས་ཀྱི་དབང་ཕྱུག་ཨ་འཛི་བླ་མ་ངག་དབང་ཆོས་འབྱོར་གྱི་དབོན་རིགས་སུ་སྐུ་འཁྲུངས། ཆུང་བྱིས་པའི་དུས་ནས་དམ་པའི་བག་ཆགས་སད་ཅིང་ཁྱིམ་གྱི་བྱ་བ་ཐམས་ཅད་དུག་སྦྲུལ་གནས་པའི་ཚང་ལྟ་བུ་དང་། རབ་ཏུ་བྱུང་བའི་བྱ་བ་ནི་ལྷའི་ཁང་བཟང་དུ་གནས་པ་ལྟ་བུར་གཟིགས་ནས། སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས། སྔོན་བྱོན་ཨ་འཛི་བླ་རབས་རིམ་བྱོན་གྱི་གདན་ས་ཡིད་ལྷུང་ལྷ་རྒྱལ་སྲང་གི་ཆོས་སྡེ་བྱོན་ནས་ཁུ་བོ་དམ་པ་དེ་ཉིད་སློབ་དཔོན་དུ་བསྟེན་གནང་གིས་ཡི་གེ་ཕྱི་མོར་བསླབས་པ་ནས་བཟུང་རིམ་གྱིས་ཆོས་སྡེ་དེ་ཉིད་ཀྱི་ཆོས་སྤྱོད་དང་ཆོ་གའི་ཕྱག་ལེན་གྱི་རིམ་པ་མཐའ་དག་ཐུགས་སུ་ཆུབ་པར་མཛད་དེ། རབ་ཏུ་བྱུང་ནས་མཚན་ངག་དབང་བཟང་པོ་ཞེས་གསོལ།  ཁུ་བོ་དམ་པ་དེ་དང་། ཆོས་རྒྱལ་རིག་ལྡན་ཚེ་དབང་རྡོ་རྗེའི་དབུའི་མཆོད་གནས་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་རྣམ་གཉིས་གཙོ་བོའི་རིགས་བདག་ཏུ་བརྟེན་ནས་སྔ་རྗེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་བརྒྱ་ཕྲག་མང་པོ་ལ་སྦྱངས་པ་མཐར་ཕྱིན་པ་མཛད་ཅིང༌། རིག་པའི་གནས་མཐའ་དག་ལ་མཁས་པའི་ཡང་རྩེར་སོན། དབུས་ལྷ་ལྡན་དུ་ཕེབས་སྟེ་ངོར་ཨེ་ཝཾ་ཐར་པ་རྩེའི་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད་དང་། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན།  རྣལ་འབྱོར་འཇམ་དཔལ་བཟང་པོ་སོགས་ལས་སྙན་བརྒྱུད་ཚད་མ་བཞི་དང་ལྡན་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྡོམ་པ་གསུམ་དང་ལྡན་པའི་ཟབ་ཆོས་མཐའ་དག་ལ་གསན་བསམ་རྒྱ་ཆེར་མཛད།  གཞན་ས་ཆེན་པདྨ་བདུད་འདུལ་དབང་ཕྱུག །སྙན་བརྒྱུད་བསྟན་པའི་གསལ་བྱེད་སྡེ་དགེའི་ཁྲི་ཐོག་བླ་ཆེན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན། རི་བོ་དགེ་ལྡན་པའི་བསྟན་པའི་གཙུག་རྒྱན་སོག་པོ་ཐོ་ཡོན་ལྷ་བཙུན་ཡེ་ཤེས་དོན་གྲུབ་རྒྱལ་མཚན་སོགས་ས་ངོར་གྱི་མཁས་གྲུབ་དམ་པ་དུ་མའི་གཙོས་དགེ་བའི་བཤེས་གཉེན་རིས་སུ་མ་མཆིས་པ་དུ་མ་བསྟེན་ནས་གསུང་ངག་རིན་པོ་ཆེ་ལམ་འབྲས་གཙོས་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་ཐུན་མིན་རྒྱ་ཆེར་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་དཔྱིས་ཕྱིན་པར་མཛད་པས།  དཔལ་ས་སྐྱ་པ་ཆེན་པོ་འཇམ་མགོན་རྡོ་རྗེ་རིན་ཆེན་གྱི་རྣམ་ཐར་དུ་ངོར་པའི་དཔོན་སློབ་ངག་དབང་བཟང་པོ་ཞེས་གསུང་འདུག་པས་ངོར་ཨེ་ཝཾ་པའི་དཔོན་སློབ་ཀྱི་མཚན་གནས་ཀྱང་གསོལ་ཡོད་པ་འདྲ། བྱམས་པ་ནམ་མཁའ་འཆི་མེད་ཀྱི་རྣམ་ཐར་ལས་དྲྭ་སྒང་སློབ་དཔོན་ངག་དབང་བཟང་པོ་ཞེས་གསུངས་འདུག་པ་བཞིན་དྲྭ་མ་དགོན་གྱི་རྡོ་རྗེ་སློབ་དཔོན་གྱི་ཁྲི་ལ་མངའ་གསོལ་མཛད་ཡོད་ཚུལ་དང་། དཔོན་སློབ་ངག་དབང་ལེགས་གྲུབ་ཀྱིས་བླ་མ་མདོ་ཁམས་པ་ངག་དབང་བཟང་པོ་ཞེས་གསུངས་པ་ལྟར་རོ།། ལྷག་པར་དཔལ་ལྡན་ས་སྐྱ་པའི་ཐུན་མིན་སྙེན་བརྒྱུད་བསྐོར་གྱི་དབང་ལུང་མན་ངག་ཆ་ཚང་གསན་བཞེས་མ་གནང་པ་མེད་པས་སྙེན་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་གྱུར།  དགོན་དེའི་རྒྱབ་ངོའི་མཁའ་སྤྱོད་ཡངས་བརྩེའི་དབེན་རི་འམ་ལྷ་རྒྱལ་རི་ཁྲོད་དང་། ཡིད་ལྷུང་ལྷ་མཚོའི་སྒྲུབ་ཕུག་གོང་འོག  ལྷག་པར་དྲྭ་མ་སྒྲུབ་ཁང་བཅས་སུ་སྔ་ཕྱི་ལྷག་ལྷ་རབ་འབྱམས་དང་། ཡི་དམ་དགྱེས་པ་རྡོ་རྗེའི་བསྙེན་ཆེན། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་པ་འབྲུ་འབུམ་ཁ་ཤེས།  ལྷག་པར་གུར་གྱི་མགོན་པོའི་བསྙེན་པ་དུང་སོགས་བསྙེན་སྒྲུབ་ཚད་དང་ལྡན་པ་དུ་མ་ཐུགས་ཉམས་སུ་བཞེས་པས་ཉམས་རྟོགས་ཀྱི་པདྨོ་བཞད། རྒྱུན་དུ་དཔལ་ཀྱཻ་རྡོ་རྗེ་དང་། མགོན་པོ་ཕྱི་ནང་གསང་གསུམ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་ཐུན་མིན་སྙེན་བརྒྱུད་བསྐོར་གྱི་ཐུགས་དམ་ཉམས་བཞེས་གཙོ་བོར་མཛད་ཅིང་། ཐུན་མིན་སྙེན་བརྒྱུད་བསྐོར་གྱི་སྒྲུབ་པ་ཉམས་བཞེས་ཀྱང་ལོ་མང་མཛད་པ་དང་།  རྒྱུན་དུ་ལམ་ཟབ་མོའི་སྒྲུབ་པ་ལ་ཐུགས་མདུན་བརྩེ་གཅིག་པས་གཞོལ་བ་ལ་ཐུགས་མདུན་ཐུན་མིན་མངའ་ནའང་། ཡིད་ལྷུང་ལྷ་རྒྱལ་སྲང་གི་ཆོས་སྡེ་དང་། དབེན་རི་དྲྭ་མ་སྒང་བཅས་ལ་བཤད་སྒྲུབ་ལས་གསུམ་གྱི་ཐུགས་མགན་བཞེས་རྒྱུ་དང་།  སྡེ་དགེའི་དཔོན་མགོ་བཞིའི་ཡ་གྱལ་ཤར་ཡིད་ལྷུང་ལྷ་རུ་དཔོན་ཚང་གི་ཐུན་མིན་གྱི་མཆོད་གནས་གཙོ་བོ་དེ་ཨ་འཛི་བླ་རབས་རྣམས་ཀྱིས་མཛད་ཚུལ་བཞིན་ལ། ལྷག་པར་མདོ་ཁམས་པ་རྡོ་རྗེ་འཛིན་པ་ཨ་འཛི་ངག་དབང་བཟང་པོ་ནི་དཔོན་ལྷ་རུའི་དབུའི་མཆོད་གནས་ཐུན་མིན་དུ་བཀུར་ཏེ་ལྷ་མི་སྡེ་དང་བཅས་པ་ལ་མཛད་རྗེས་བླ་མེད་ཆེ་ཚུལ་བཞིན་ལ། མཆོག་དམན་ཐམས་ཅད་ཀྱི་གུས་པ་ཆེན་པོས་མཆོད་ཅིང་སོ་སོར་བསྡུ་བ་རྣམ་བཞིའི་སྒོ་ནས་འབྲེལ་ཚད་ཕན་བདེར་འགོད་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བཅས། སྐུ་ཚེའི་སྨད་དུ་མདོ་ཁམས་སྡེ་དགེའི་མངའ་ཁོངས་དྲྭ་མ་དགོན་གྱི་རྡོ་རྗེ་སློབ་དཔོན་གྱི་ཁྲིར་བཞུགས་ནས་འཁོར་ལོ་གསུམ་གྱི་བྱ་བས་བསྟན་དང་འགྲོ་བ་ལ་ཕན་བདེའི་དཔལ་ལ་རོལ་བར་མཛད་པའོ། ། སྔ་ཕྱི་ལྷ་རྒྱལ་སྲང་གི་ཆོས་སྡེའི་མཁན་པོ་དང་། དགོན་དཔོན་རྡོར་སློབ་གཅིག་ཆོག་མཛད་དེ་དགོན་དེའི་སྒྲིག་གྲྭ་ས། ཆོ་ག་ཕྱག་བཞེས། འདུལ་བའི་ཀུན་སྤྱོད་སོགས་གྲྭ་ས་གོང་མའི་ཕྱག་ལེན་བཞིན་ཤིན་ཏུ་རྒྱ་ཆེར་དར་ཞིང་རྒྱས་པར་མཛད། རྗེ་ཉིད་ཀྱི་ཞལ་སློབ་ཀྱང་དཔལ་ས་སྐྱ་པ་ཆེན་པོ་ངག་དབང་རྡོ་རྗེ་རིན་ཆེན་དང་།  ངོར་ཨེ་ཝཾ་ཐར་བ་རྩེའི་ཞབས་དྲུང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ།  སོག་པོ་ལྷ་བཙུན་ཡེ་ཤེས་དོན་གྲུབ་རྒྱལ་མཚན།  ངོར་པ་དཔོན་སློབ་ངག་དབང་ལེགས་གྲུབ། མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད། ཨ་འཛི་མཁན་ལེགས་བཤད་རྒྱ་མཚོ། མཁས་དབང་མཁྱེན་རབ་མཐའ་ཡས། རྩིས་རིག་སྨྲ་བ་ཡོན་ཏན་ཕུན་ཚོགས། མཁས་གྲུབ་བློ་གྲོས་རྒྱལ་མཚན། མཁས་བཙུན་བློ་གྲོས་ཡེ་ཤེས་གཙོས་དེའི་སྐབས་ཀྱི་ཆོས་སྡེ་སོ་སོའི་རྡོ་རྗེ་སློབ་དཔོན་མཁན་པོ་སོགས་སློབ་ཚོགས་བསྟན་འཛིན་གྱི་སྐྱེས་བུ་མཁས་བཙུན་གྲུབ་པའི་རྣལ་འབྱོར་པ། ཚེ་བློས་བཏང་གི་བྱ་བྲལ། སྟོབས་འབྱོར་མངའ་ཐང་ཅན་གྱི་དད་སྦྱིན་རྣམས་ཀྱིས་མཚོན་ཐུགས་བརྩེས་གཟུང་བ་བགྲང་འདས་གཞལ་དུ་མེད་པ་བྱུང་ངོ།། ཁོང་གི་བརྩམས་ཆོས་ཀྱང་པོ་སྟི་ཁ་ཤེས་ཡོད་ཚུལ་ལ་ད་ལྟར་དངོས་སུ་མཇལ་དུ་ཡོད་པ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲིད་ཡིག་དང་། ལམ་འབྲས་ཚོགས་བཤད་མཆད་ཐབས་གཙོ་བོ་གྱུར་པའི་གསུང་ཆོས་བཅས་གསུང་རྩོམ་མང་དུ་ཡོད་ངེས་སོ།། ད་ེལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མེད་དུ་བརྡོལ་ནས་ཞིང་འདིའི་འགྲོ་དོན་རེ་ཞིག་རྫོགས་སྟེ་ཞིང་ཁམས་གཞན་དུ་ཕེབས་པའི་ཚུལ་བསྟན་ནོ།། ཞེས་པའི་རྣམ་ཐར་མདོར་བསྡུས་འདི་འང་རང་བཟོའི་སྒྲོ་བཏགས་སྤངས་ཏེ་སྔོན་བྱོན་དམ་པ་རྣམས་ཀྱི་གསུང་སྒྲོས་དང་། ལམ་འབྲས་བླ་མ་རྒྱུད་པའི་རྣམ་ཐར། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་རྟོགས་བརྗོད།  ཞུ་ཆེན་བཀའ་འབུམ་དང་རྣམ་ཐར། མཁྱེན་བརྩེའི་བཀའ་འབུམ་དང་རྣམ་ཐར་སོགས་ཚད་ཐུབ་ཀྱི་ཡིག་ཆ་ཁག་ལ་གཞིར་བཅོལ་ཏེ་ཆོས་སྡེ་དེའི་གྲལ་མཐར་གནས་པ་འཁྱམ་པོ་བཤད་སྒྲུབ་བསྟན་འཛིན་གྱིས་བྲིས་པའི་དགེ་བས་བདག་སོགས་ཐམས་ཅད་དཔལ་ལྡན་བླ་མ་དམ་པས་རྗེས་སུ་འཛིན་པའི་རྒྱུ་གྱུར་ཅིག་གུ། དགེའོ།།  ཟུར་མཆན་ལ།  ࿑ མཁན་ཆེན་དཔལ་ལྡན་ཆོས་སྐྱོང་རྟོགས་བརྗོད་ལས། ཡིད་ལྷུང་ནས་ཨ་འཛི་བླ་མ་བསོད་ནམས་བློ་གྲོས་གསུངས་པ་དང་། ཞུ་ཆེན་པས་ཨ་འཛི་བསོད་ནམས་བློ་གྲོས་པས་ ཞུ་ཆེན་པས་དེ་ནས་བཏེག་པའི་ལམ་དུ་ཨ་འཛི་དགེ་སློང་ཀུན་དགའ་ཆོས་འཕེལ་གྱིས་འབོད་པར་སོང་། བཅོམ་ལྡན་འདས་ཐམས་ཅད་རིག་པའི་དབང་སོགས་་་་ ࿑ ཡིད་ལྷུང་ནས་ཨ་འཛི་བླ་མ་ངག་དབང་ཆོས་གྲགས་ལས་ཐར་རྩེ་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཆོས་གསན་མྱོང་ཚུལ་དང་།  ࿑ ཡང་ཨ་འཛི་བླ་མ་ངག་དབང་ཆོས་འབྱོར་ཞུ་བ་ཁོང་ནི།  བྱམས་པ་ནམ་མཁའ་འཆི་མེད་ཀྱི་རྣམ་ཐར་ལས། ཕན་ཚུན་ཆོས་ཀྱི་གསན་རེས་མཆིས་པ་སྡེ་དགེའི་དབུ་བླ་ངག་དབང་ཆོས་འབྱོར་ཞེས་གསུངས་པ་དང་།  ࿑ མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་ཐུགས་སྲས་ཡིན་ཚུལ་ཡང་། རྣམ་ཐར་ཆེན་མོ་ལས་ཐུགས་སྲས་རྣམས་ཀྱི་མཚན་གསུང་པའི་སྐབས།  བདུན་པ་རྒྱལ་པོའི་བླའི་མཆོད་གནས་སུ་མངའ་གསོལ་ཞིང་ཟབ་རྒྱས་ཆོས་ཚུལ་སྟོན་པ་བདུན་ལས། སྨིན་གྲོལ་གདམས་པའི་གཏེར་མཛོད་བླ་མ་ངག་དབང་ཆོས་འབྱོར་པ་དང་།  ࿑ ཡང་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོས་ཐུགས་སྲསའང་ཡིན་ཏེ། རྣམ་ཐར་ཆེན་མོ་ལས་ཐུགས་སྲས་རྣམས་ཀྱི་མཚན་གསུང་པའི་སྐབས་མཁས་དང་གྲུབ་པའི་གཙུག་བརྒྱན་བླ་མ་ངག་དབང་ཆོས་འབྱོར་གསུང་པ་དང་།  ࿑ ཡང་སྐྱེ་དགུ་དགོན་གྱི་ཐོག་མའི་བཤད་གྲྭའི་མཁན་པོ་ཡིད་ལྷུང་བླ་རྒན་གསུང་པ་ནི་ཨ་འཛི་མཁན་ལེགས་བཤད་རྒྱ་མཚོ་དང་།  ཨ་འཛི་བླ་མ་ནོར་བུ་དབང་རྒྱལ་ནི། སྡེ་གཞུང་རིན་པོ་ཆེའི་རྣམ་ཐར་དུ་ཡིད་ལྷུང་ནས་གནས་ལྔ་རིག་པའི་མ་ཧཱ་པཎྜི་ཏ་མཁན་དམ་ཆོས་རྒྱལ་མཚན་ཞེས་ཨ་འཛི་ནོར་བུ་དབང་རྒྱལ་དང་བཅས་ཨ་འཛི་བླ་རབས་རྣམས་སོ།།

བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །

ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །

སྐྱེ་རྒ་ན་འཆིའི་རྦ་ཀླུང་འཁྲུགས་པ་ཡི། །

སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག། །

འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།།

ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།།

དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །

དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།

དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །

བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །

བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་།།

བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*