ངང་སྒུག

ཞྭ་ནག་པ།(གསེར་རྟ)

ཏག་ཏག་དེ་རིང་འདི་ནས་ཞིབ་རྩིས་ཤིག་བརྒྱབ་ན། ངས་ཁྱེད་ལ་“བདེ་མོ་ཡིན་ནམ”ཞེས་སྐད་ཆ་ཞིག་ཀྱང་མ་འཕྲོད་པར་ཁྱེད་རང་གང་ཞིག་གི་ཆེད་དུ་མནར་གཅོད་ཀྱི་ལོ་ཟླའི་ཁྲོད་དུ་ལུས་ནས་ལོ་ངོ་གཅིག་ཙམ་ལོན་པའི་དོ་ནུབ། ངས་འུ་གཉིས་ཀྱི་ཕ་ཡུལ་དང་བར་ཐག་ཕྱེ་ལེ༡༦༠ཙམ་ཡོད་པའི་རང་རྫོང་གི་མགྲོན་ཤག་ཅིག་ཏུ་ཁྱེད་རང་དྲན་དེ་ཁྱེད་ཀྱི་བརྩམས་ཆོས་བཀླགས་ཤིང་ཁྱེད་ཀྱི་འདྲ་པར་དག་ལ་ཡང་ཡང་བལྟས་ནས་དུས་ཚོད་སྐྱེལ་བཞིན་ཡོད། གལ་ཏེ་ད་ལྟ་ཁྱེད་ཉིད་ཕ་ཡུལ་དུ་ཡོད་ན། ཁྱེད་ཀྱིས་གཅེས་སུ་འོས་པའི་འབྲོག་ཕྲུག་བཅུ་ཕྲག་ཅིག་ལ་སློབ་ཁྲིད་བྱས་ཤིང་། ཕ་ཡུལ་གྱི་རི་ཆུར་གསོན་ཉམས་དོད་པའི་ཁ་སང་དེ་རིང་གི་རྣམ་པ་ཡི་གེ་བྲིས་ཏེ་ང་ཚོ་ལ་ཕུལ་བཞིནཡོད་ངེས། ད་རུང་། ད་རུང་ཁྱེད་ཉིད་ཧ་ཅང་ཁོམ་སྐབས་སུ་འབྲོག་གླུ་སྙན་མོ་རེར་ཉན་སྲིད་ལ། བྱ་བའི་ཁོམ་སྐབས་དག་ཏུ་སྙན་ངག་མང་ཙམ་རེ་འབྲི་སྲིད། ཡིན་ན་ཡང་། ཁྱེད་ཀྱི་སྙན་ངག་དེ་དག་ཏང་དེབ་དང་ཏང་དྲ་སོགས་ནས་ནམ་ཡང་རྙེད་མི་སྲིད། ད་རུང་ཁྱེད་ཉིད་ལྷུག་རྩོམ་འབྲི་སྦྱོང་བྱེད་པར་ཡང་དགའ་བོ་ཡོད། ཚོད་ཚོད་ལ་སྒྲུང་གཏམ་རེ་འགའ་འང་འབྲི་སྲིད། དེ་ནི་དཀོན་མོ་དཀོན་མོ་ཞིག་ཡིན། ནམ་རྒྱུན་ཚིགས་བཅད་ཤླཽཀ་ཁ་གསལ་གོ་བདེ་རེ་བྲིས་ཤིང་གྲོགས་ཚོམས་སུ་སྤེལ་ངེས། ད་རུང་དེ་དག་ཙམ་གྱིས་ག་ལ་ཚད་དེ་ཁྱེད་ཀྱིས་བྲིས་པའི་སྙན་ངག་གི་དཔེ་དེབ་དེ་དག་དང་རེ་སྒུག་ཁྲོད་ཀྱི་བརྩམས་ཆོས་དེ་དག་ཀྱང་ད་ལྟ་ང་ཚོའི་མིག་སྔོན་དུ་སླེབས་ཟིན་ཡོད་ངེས་སྙམ་ཡོང་ངོ་།།

ངས་དོ་ནུབ་ཁྱེད་ཀྱི་བརྩམས་ཆོས་གང་མང་ཞིག་བཀླགས་རྗེས་ཁྱེད་ནི་དོན་དམ་ཕ་ཡུལ་གྱི་མིག་དང་སྲོག་ཏུ་ངོས་འཛིན་དགོས་པ་ཞིག་ཆགས་སོང་། ཡང་ན། ཁྱེད་ནི་ངའི་ཆེས་བཀུར་འོས་ཤིང་། བཀུར་དགོས་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཏུ་ངོས་འཛིན་དགོས་པ་ཞིག་ཏུ་ཆགས་སོང་། དངོས་གནས་བཤད་ན་ད་ལྟ་ཕ་ཡུལ་གྱི་མི་དང་། ཕ་ཡུལ་གྱིས་ཁྱེད་རང་གླེང་མཚམས་ཆད་འདུག་པ་འདྲ། འོན་ཏང་། ཁྱེད་ནི་ངའི་ནང་སེམས་ནས་བོར་ཐབས་བྲལ་བའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཏུ་ངོས་འཛིན་གྱིན་ཡོད་པས། ངས་ཁྱེད་རང་ག་ལ་བརྗེད་སྲིད་དེ། བརྗེད་ཀྱང་མི་འོས། འདི་ནས་ཕྱིར་ལ་བརྩིས་པའི་ལོ་ངོ་བཅུ་གཉིས་ཀྱི་དབྱར་མགོ་མ་དེར་ངས་ཁྱེད་ཉིད་ངོ་ཤེས་ཤིང་། ང་ཁྱེད་ཀྱི་སློབ་བུར་གྱུར་བ་ནས་ད་ལྟའི་བར་དུ་རིང་རྒྱུ་ཐུང་རྒྱུ་མེད་པའི་དུས་ཚོད་གང་མང་ཞིག་བུད་སོང་ཡང་། གཏན་དུ་བཞུད་མི་སྲིད་པ་ནི་ཁྱེད་རང་ང་ཡི་དགེ་རྒན་དུ་གྱུར་བའི་དུས་ཚོད་དེ་དག་གི་ནང་ནས་རྙེད་པའི་འདང་རྩེ་དང་ཕྱི་ཐག་དེ་ཡིན་ནོ།།

ཁྱེད་ཀྱིས་རྨི་ལམ་ལས་ང་ཚོ་མཇལ་སོང་ངམ། ཁྱེད་ཀྱི་རྨི་ལམ་ལས་ཕ་ཡུལ་དང་ཕ་ཡུལ་སློབ་གྲྭ་ཆུང་ཆུང་དེ་མཇལ་སོང་ངམ། ང་ཚོས་ཉི་མ་མཛུབ་རྩིས་བརྒྱབ་ཏེ་ཁྱེད་རང་སྒུག་ཡོད། སྙིང་ཉེ་བའི་དགེ་རྒན་ལགས། ཁྱེད་རང་བདེ་ཐང་ངང་ཕ་ཡུལ་དུ་ལོག་ཐུབ་པར་ཤོག

༢༠༢༢-༥-༢༤ ལ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*