༧ ངོར་ཤར་ཆེན་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག་གིས་བཀའ་སློབ།

(༧ངོར་ཤར་ཆེན་ཀླུ་ལྡིང་མཁན་རིན་པོ་ཆེ་ཡིས་བོད་ཀྱི་དགོན་སྡེ་ཁག་ལ་བསྩལ་བའི་བཀའ་སློབ)
སྒྲ་ཕབ་པ།འདན་མའི་ལྷ་མདའ།
བླང་བྱ་གང་ཡིན་དང་སྤང་བྱ་གང་ཡིན་དེའི་སྐོར་ཐུགས་བསམ་བཞེས་རྒྱུ་ཞིག་དང་།
འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏས་གང་གསུངས་རེད་ཅེ་ན།
ནང་ལ་ཡོན་ཏན་ཀུན་ལྡན་ཡང་།།ཆ་ལུགས་ངན་ན་ཀུན་གྱིས་བརྙེས།།
ཞེས་གསུངས་ཡོད་རེད།དེས་ན་ང་ཚོས་གྲྭ་ཆས་གོན་རྗེས་ལ་མང་པོ་ཞིག་ཡག་པོ་ཡོད་རེད།ཡིན་ན་ཡང་རེ་རེ་གཉིས་རེ་ཞིག་གིས་བསྟན་པ་སྤྱི་ལ་གནོད་པའི་ལས་ཀ་བྱེད་ཀྱི་ཡོད་རེད།དེས་གང་བྱེད་ཀྱི་ཡོད་རེད་ཟེར་ན།ཐ་ན་དབུ་སྐྲ་བཞར་སྟངས་ཡན་ཆད་དང་ན་བཟའ་བཞེས་སྟངས་ཡན་ཆད།གྲོང་པའི་ནང་ཡིན་ན་རེད།དགོན་པའི་ནང་དུ་བཞུགས་པ་ཡིན་ན་རེད།གང་དང་གང་དུ་བཞུགས་པ་ཡིན་ན་ཡང་ཀུན་སྤྱོད་དེ་རྩ་ནས་ཡག་པོ་གནང་གི་ཡོད་མ་རེད།དེས་ན་དེ་ཚོས་དེ་ལྟར་མ་གནང་རོགས་ཞུ་རྒྱུ་ཡིན།གྲྭ་བ་གཅིག་གིས་ཀུན་སྤྱོད་ངན་ན་སངས་རྒྱས་བསྟན་པ་སྤྱི་ལ་གནོད་པ་རེད་འདུག།
དགེ་འདུན་པ་རྣམས་ཀྱིས་ལས་ཀ་ཡག་པོ་བྱེད་ཀྱི་མི་འདུག།བཙུན་མ་རྣམས་ཀྱིས་ལས་ཀ་ཡག་པོ་བྱེད་ཀྱི་མི་འདུག།ཅེས་མི་ཚོས་ཁ་གཏོང་སའི་གནས་ཤིག་ཆགས་ཀྱི་ཡོད་རེད།ང་ཚོ་ཡོན་སྦྱིན་རྣམས་ཀྱིས་དྭངས་བ་འདྲེན་པའི་ཡ་རབས་ཀྱི་ལུགས་དང་མཐུན་ཞེས་གསུངས་ཡོད་རེད་མ་གཏོགས་པ།སྦྱིན་བདག་དྭངས་བ་མ་འདྲེན་པ་དང་།སྦྱིན་བདག་དད་ལོག་སྐྱེས་པ་བྱས་ན།ང་ཚོའི་རྒྱུད་ལ་དོན་དག་མེད་ས་ཞིག་ལ་སྡིག་པ་འཚབ་ཆེན་ཞིག་བསགས་ཀྱི་ཡོད་རེད།ང་ཚོས་སྡིག་པ་འཚབ་ཆེན་བསགས་པ་བཞིན་དུ།གཞན་གྱི་རྒྱུད་ལ་ཡང་སྡིག་པ་འཚབ་ཆེ་ཞིག་བསགས་ཀྱི་ཡོད་རེད།
འཇིག་རྟེན་མ་དད་པ་གྱུར་སོང་ན།རང་གཞན་གཉིས་ཀས་དོན་མེད་པ་སྡིག་པ་འཚབ་ཆེན་ཞིག་བསགས་ཀྱི་ཡོད་རེད།དེས་ན་དབུ་སྐྲ་བཞར་སྟངས་དང།ན་བཟའ་མཆོད་སྟངས།ཕེབས་སྟངས་དང་།བཞུགས་སྟངས་བཀའ་མོལ་གསུང་སྟངས་ཡན་ཆད་ནས་ང་ཚོས་ཁྱིམ་པ་ཕོ་མོ་ལས་ལྷག་ཙམ་ངེས་པ་ཅན་དུ་གནང་དགོས་ཀྱི་ཡོད་རེད།
དེ་ཐུགས་ལ་བཞག་རོགས་ཞུ་རྒྱུ་ཞིག་དང་།དེ་ནས་ང་ཚོ་ཐམས་ཅད་ཆོས་ཀྱི་སྤུན།རྡོ་རྗེའི་སྤུན།ཉེ་བའི་སྤུན་གསུམ་གྱི་ནང་ནས་ང་ཚོ་ཉེ་བའི་སྤུན་རྐྱང་རྐྱང་རེད།བླ་མ་གཅིག་གི་མདུན་ནས་དཀྱིལ་འཁོར་གཅིག་གི་ནང་དུ་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་མཁན་ཡིན་པས།ཐམས་ཅད་ཀྱིས་མཐུན་པོ་མཛད་དགོས་རེད།
དགེ་འདུན་མཐུན་པ་བདེ་བ་སྟེ།།མཐུན་པ་རྣམས་ལས་དཀའ་ཐུབ་བདེ།།
ཞེས་སྔོན་མ་ནས་མང་པོ་ཞུས་ཡོད།ད་དུང་ཡིན་ན་ཡང་ཁྱེད་རྣམ་པས་གཟབ་གཟབ་གནང་དགོས་རེད།གང་རེད་ཅེ་ན།ང་ཚོའི་རྒྱུད་དེ་ལས་དང་ཉོན་མོངས་པའི་འཆིང་པས་སྐྱེ་བ་མང་པོ་སྔོན་ནས་ལས་ཉོན་ཀྱི་དབང་གིས་ཞེ་སྡང་ལངས་སྲིད་ཀྱི་རེད།འདོད་ཆགས་ལངས་སྲིད་ཀྱི་རེད།ང་རྒྱལ་དང་ཕྲག་དོག་སེར་སྣ་ལ་སོགས་པ་དེ་དག་ཐམས་ཅད་ཡོང་གི་རེད།དེས་ན་དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བག་ཡོད་པ་གྱིས་ཞེས་གསུངས་ཡོད་རེད།
བག་ཡོད་པ་ཞེས་པ་འདི་ཚིག་ཉུང་ལ་དོན་རྒྱ་ཆེ་སྟེ་བླང་དོར་གྱི་གནས་ལ་འཇུག་ལྡོག་མ་ནོར་པ་བྱེད་པ་བག་ཡོད་པ་ཡིན་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་རེད།བག་ཡོད་ཅེས་པ་འདི་ཚིག་རྐང་གཉིས་མ་གཏོགས་ཡོད་མ་རེད་དེ།ཡིན་ན་ཡང་དོན་རྒྱ་ཆེན་པོ་ཡོད་པ།དུས་གསུམ་གྱི་སངས་རྒྱས་ཀྱང་བག་ཡོད་པའི་བརྟེན་ལ་སངས་རྒྱས་ཞིང་མ་འོངས་པ་ལ་ཡང་སངང་རྒྱས་པར་བྱེད་པ་ཡིན་པས།བག་ཡོད་ཅེས་པ་འདི་གནད་འགག་ཆེན་པོ་རེད།བག་ཡོད་ཞེས་པ་གང་རེད་ཅེ་ན།བླང་བྱ་དང་དོར་བྱའི་མ་ནོར་བྱེད་པ་དེ་བག་ཡོད་པ་ཡིན་གསུངས་ཡོད་རེད།
དེས་ན་བསམ་བློ་གཏོང་སྟངས་རིམ་པ་དེ་དག་ཐམས་ཅད་གནད་འགག་རེད།དེ་ལ་ཐམས་ཅད་ཀྱིས་ཐུགས་བཞེས་གནང་ནས་རང་དོན་རང་གཅེས་ཀྱི་ཚུལ་དུ་གནང་རོགས་ཞུ་རྒྱུ་ཡིན།
རང་རང་སོ་སོའི་དགོན་པ་དང།རང་རང་སོ་སོའི་བླ་མ་དང་མཁན་པོ།དགེ་བའི་བཤེས་གཉེན་སྒྲུབ་གྲྭ་ཡི་དཔོན་དང་བཅས་པ་ཐམས་ཅད་ཀྱིས་སྲུང་སྐྱོབ་མཛད་ཀྱི་ཡོད་པས་དེ་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།ང་རྒྱ་གར་ལ་སྡོད་ཀྱི་ཡོད་རེད།རྒྱ་གར་ལས་ལྷག་པ་ཞིག་བཤད་སྒྲུབ་ཀྱི་བྱ་བ་རྒྱ་ཆེན་པོ་མཛད་འདུག་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།


ཡིན་ན་ཡང་ཁ་ཤས་ཀྱིས་བཤད་གྲྭ་བ་ཚོ་ལ་ཁ་གཏོང་མཁན་དེ་ལྟར་ཡོད་རེད།
བཤད་གྲྭ་བ་ཚོ་ཁ་བདེ་བོ་དང་དོན་དག་ལག་ལེན་གང་ཡང་མེད་པ་ལག་པ་སྟོང་པ་བརྡབ་མཁན་རེད་ཅེས་གསུང་གི་འདུག།དེ་ཡང་དེ་ལྟར་རྩ་ནས་འགྲིག་གི་ཡོད་མ་རེད།
ཡང་བཤད་གྲྭ་བ་ཁ་ཤས་ཀྱི་སྒྲུབ་གྲྭ་བ་ཚོ་ལ་ཁ་གཏོང་གི་འདུག།
དེ་དག་གཏུ་མུག་དང་ལེ་ལོ་མི་འཕེལ་ས།སྒོམ་མི་ཤེས་པར་སྒྲུབ་གྲྭ་རུ་ལོ་མང་པོར་བསྡད་ཀྱི་ཡོད་རེད་ཅེས་དེ་ལྟར་ཡང་གསུང་གི་འདུག།
དེ་ཡང་ནོར་འཁྲུལ་ཆེན་པོ་རེད།གང་ཡིན་ཞེ་ན་ཐོས་བསམ་སྒོམ་གསུམ་ཡ་བྲལ་སོང་ན་དེ་ནས་སངས་རྒྱས་ཀྱི་ཆོས་དེ་མ་ཚང་བ་རེད།
དེས་ན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་གཅིག་གིས་གཅིག་ལ་བསྟོད་པ་དང་གུས་བཀུར་དང་རྗེས་སུ་ཡི་རབས་ཞུ་དགོས་པ་གནད་འགག་ཆེན་པོ་རེད་མ་གཏོགས་གཅིག་གིས་གཅིག་ལ་ཁ་ངན་བརྒྱབ་པ་དང་འདི་ཡག་པོ་མ་རེད།ཁོ་བཤད་གྲྭ་བ་རེད་ཁོ་སྒྲུབ་གྲྭ་བ་རེད་ཅེས་དེ་ལྟར་གསུང་བསྡད་ན།
དེ་ནས་བཤད་སྒྲུབ་གཉིས་དེ་འཕྲོ་བརླག་འགྲོ་ཡི་ཡོད་རེད།
དེ་ལ་གཟབ་གཟབ་གནང་དགོས་ཀྱི་འདུག་ཞུ་རྒྱུ་ཡིན།
ཡང་ཁ་ཤས་དགོན་པ་ནང་དུ་བཞུགས་དུས་རྔ་བརྡུང་བ་སོགས་ཚོགས་པ་ཆེ་ཆུང་མང་པོ་ཡོད་རེད།སྔོན་མ་བླ་མ་གོང་མ་མང་པོས་ཆོ་ག་ཆེ་ཆུང་མང་པོ་བཞག་པ་ཡོད་རེད།དེ་ཚོ་རིགས་ལ་ཡང་ཁ་གཏོང་།དེ་ཚོས་གང་ཡང་ཕན་ཐོགས་མེད་མཁན།རྔ་གོག་བརྡུང་།མི་ཡོད་ས་ལ་རྫིག་རྫིག་དང་སྙིང་རྗེ་བོ་བྱེད་ཀྱི་རེད་ཅེས་ཟེར་རེད།དེ་ལྟར་རྩ་བ་ནས་མ་རེད།ཆོ་གའི་ནང་དུ་གཟིགས་དང་ཆོ་གའི་ནང་དུ་གང་དང་གང་བཤད་འདུག་དེ་དག་ལ་གཟིགས་དང་།རྒྱུད་ཀྱི་ནང་དུ་ཡང་གཟིགས་དང།རྒྱུད་ལས་ཆོ་ག་འདོན་དགོས་པ་རྒྱུ་མཚན་མང་པོ་གསུངས་ཡོད་རེད།དེས་ན་དེ་ཚོ་ཡང་སྒྲུབ་པའི་རིགས་ལ་འགྲོ་ཡི་ཡོད་རེད།
དེ་ཚོ་ལ་ཡང་རྗེས་སུ་ཡི་རངས་དང་གུས་བཀུར་དང་གཅིག་གིས་གཅིག་ལ་བསྟོད་མངགས་ཞུ་དགོས་པ་མ་གཏོགས།དེ་ལ་ཁ་གཏོང་བ་དང་སྨད་པ་བྱེད་པ་དེ་ལྟར་རྩ་བ་ནས་ཡག་པོ་ཡོད་མ་རེད།དེ་ལྟར་གནང་ན་ཆོས་སྤངས་ཀྱི་ལས་སུ་གྱུར་པ་དེ་ལྟར་རེད།
སྔོན་མ་ནས་ངས་ན་བཟའ་ཡི་སྐོར་ལ་མང་པོ་ཞུས་ཡོད་རེད།ང་ཚོ་དཔལ་ལྡན་ས་སྐྱ་པ་རིང་ལུགས་འཛིན་པ་དང།དཔལ་ལྡན་ས་སྐྱ་པའི་ནང་ནས་ཀྱང་ང་ཚོ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རིང་ལུགས་འཛིན་པ་ཡིན་པས།ངོར་ཆེན་རྡོ་རྗེ་འཆང་གིས་ན་བཟའ་ཇི་ལྟར་བཞེས།ཆོས་གོས་ཇི་ལྟར་བཞེས་ཀྱི་འདུག །རྣམ་སྦྱར་ཇི་ལྟར་བཞེས་ཀྱི་འདུག།སྟོད་འགག་ཇི་ལྟར་བཞེས་པ་དེ་དག་ཐམས་ཅད་ན་ནིང་ངས་ཁ་གསལ་བོ་ཞུས་ཡོད་པས།ཡར་སྐྱར་ཞུ་རྒྱུ་མེད།དེས་ན་དེ་དག་ཐམས་ཅད་ལ་ཡང་སྐྱར་གསལ་འདེབས་ཀྱི་ཚུལ་དུ་ཐུགས་བསམ་བཞེས་རོགས་གནང་ཞེས་ཞུ་རྒྱུ་ཡིན།
གང་ཡིན་ཞེ་ན།གཞན་གྱིས་སྙིང་རྗེ་བོ་གོན་རྒྱུ་ཞིག་དང་།གཞན་གྱིས་འདྲ་ཆགས་ཆགས་གོན་རྒྱུ་དེ་ལ་ང་ཚོ་འགྲམ་ཆུ་ལྡང་དགོས་པ་རྩ་བ་ནས་ཡོད་མ་རེད།
གང་ཡིན་ཞེ་ན།རྒྱ་གར་ནས་སངས་རྒྱས་ཀྱི་ཆོས་མདོ་སྔགས་རིག་གནས་དང་བཅས་པ་ཚང་ལ་མ་ནོར་བ་དེ་དག་བརྒྱུད་པ་ཐམས་ཅད་མ་ཉམས་པ་ད་ལྟ་བར་དུ་བཞུགས་ཡོད་རེད།གཞན་གྱིས་སྙིང་རྗེ་རྗེ་བྱེད་པ་དང་འདྲ་ཆགས་ཆགས་བྱེད་པ་ལ་འགྲམ་ཆུ་ལྡང་དགོས་པ་རྩ་བ་ནས་ཡོད་མ་རེད།སོ་སོའི་ལུགས་དེ་ཡག་པོ་བྱས་ན།དོན་དག་ཀྱང་བསྒྲུབ་ཐུབ་རེད།སོ་སོའི་རང་གི་གྲུབ་མཐའ་གང་ཡིན་པ་དེ་དང་དེ་ལ་ཉེ་བ་ཡང་ཡོད་རེད།དེས་ན་གྲུབ་མཐའ་དེའི་ཉེ་བ་ཞིག་ལས་ཀ་བྱས་ན།ལས་ཀ་དེའི་དོན་འགྲུབ་པ་ཡོང་གི་ཡོད་རེད། སྔོན་མ་བླ་མ་གོང་མས་ཐུགས་སྨོན་རྒྱ་ཆེན་པོ་མཛད་ཡོད་རེད།
དེ་ལ་ཐུགས་བསམ་བཞེས་རོགས་གནང།དེ་ནས་འཇམ་མགོན་བླ་མས་གང་གསུངས་འདུག་ཅེ་ན།དེ་ལ་བྱ་བ་ཅི་ཡང་རུང།།བྱ་བ་ཆེ་ཆུང་གང་བྱས་ཀྱང།།
རང་རང་ལུགས་བཞིན་བྱས་ན་འགྲུབ།།དེ་ལས་ལྡོག་པའི་ལུགས་བྱས་ན།།མི་འགྲུབ་འགྲུབ་ཀྱང་བཟང་པོ་དཀའ།།ཞེས་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏས་དེ་ལྟར་གསུངས་ཡོད་རེད།སོ་སོ་གང་བྱས་ན་ཡང།སོ་སོའི་ལུགས་དང་མཐུན་པར་གྱིས།གཞན་གྱི་ལུགས་བཞིན་བྱས་ན།མི་འགྲུབ་འགྲུབ་ཀྱང་བཟང་པོ་དཀའ།།ཞེས་གསུངས་ཡོད་རེད།
དེ་ལ་ཐུགས་བསམ་བཞེས་ནས་ན་བཟའ་གོན་སྟངས་ཚུན་ཆད་ནས་ང་ཚོ་རང་ལུགས་ཀྱི་གང་དགོས་ཀྱི་ཡོད་ན་ཡང་དེ་དང་དེ་བཞིན་བྱེད་རོགས་གནང།
གྲུབ་མཐའ་གཞན་དང་གཞན་ལས་ཀྱང་སོ་སོའི་གྲུབ་མཐའ་དེ་རྩི་སྲུང་ཡག་པོ་གནང་ན་དེས་ཁེ་ཕན་ཡག་པོ་ཡོང་གི་ཡོད་རེད།
བཤད་གྲྭ་ལ་ཕེབས་པའི་སྐོར་དེ་ངས་སྔོན་མ་ནས་མང་པོ་ཞུས་ཡོད།ད་ལྟ་ཡག་པོ་ཆགས་ཡོད་ས་རེད།ད་དུང་ཡིན་ན་ཡང་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སོ་སོའི་གྲུབ་མཐའ་གང་དང་གང་ཡིན་ན་ཡང་དེའི་རིང་ལུགས་ཀྱི་བཤད་གྲྭ་ནང་དུ་ཕེབས་བཞག་ན།དེ་ནས་ཚུར་དགོན་པ་ཕེབས་རྗེས་སློབ་དཔོན་དང་མཁན་པོ་སྐྱོར་དཔོན་སོགས་གང་མཛད་དགོས་ཀྱི་ཡོད་ན་ཡང་ལྟ་བ་ཏག་ཏག་འགྲིག་བསྡད་ཡོད་རེད།
གང་ཡིན་ཞེ་ན།ང་ཚོའི་རྒྱུད་པ་མ་ཉམས་པ་དང་གཅིག།དེའི་ཐོག་ཏུ་སོ་སོའི་ལྟ་བ་ཁུར་སྟངས་དང་གཅིག།དཔེ་ཆའི་བཤད་པའི་གཞུང་།བརྒྱུད་པ་དེ་དང་དེ་ལ་འགྲོ་ཡི་ཡོད་རེད།དེས་ན་ཏག་ཏག་ཕན་ཐོགས་མཁན་ཞིག་ཆགས་ཡོད་རེད།དེ་མིན་གྲུབ་མཐའ་མང་པོ་ཞིག་ལ་ཡར་ཞུགས་མར་ཞུགས་བྱས་ན།སོ་སོའི་དགོན་པ་ལ་ཕེབས་རྗེས་ཡང་སྐྱར་སློབ་སྦྱོང་བྱེད་དགོས་པ་ཞིག་ཡིན་པས།ཞེ་དྲགས་ཕན་ཐོགས་མེད་མཁན་ཞིག་ཆགས་ཀྱི་ཡོད་པས།
དེ་ལ་ཐམས་ཅད་ཀྱིས་ཐུགས་བསམ་བཞེས་རོགས་གནང་ཞེས་ཞུ་རྒྱུ་ཡིན།
བླ་མ་དང་སྤྲུལ་སྐུ་རྣམ་པ་ཚོ་ཡིན་ན་ཡང་དགེ་འདུན་པ་ཚོ་ལ་ཐུགས་བརྩེ་བའི་ཐོག་ནས་རྗེས་སུ་བསྐྱང་རྒྱུ་ཞིག་དང་།ཡང་བླ་མ་སྤྲུལ་སྐུ་ཁ་ཤས་སྔོན་མ་དུས་ཚོད་ཡག་པོ་མེད་པས་སྐུ་ཡོན་གསན་བསམ་གནང་མ་མྱོང་བ་དེ་འདྲ་ཡང་ཡོད་རེད།དེ་ཚོ་ལ་ཡང་བཤད་གྲྭ་ལ་ཕེབས་མཁན་གྱི་དགེ་འདུན་པ་ཚོས་ཁོས་ཅི་ཡང་ཤེས་ཀྱི་མ་རེད་ཅེས་མཐོང་ཆུང་བྱེད་པ་དེ་འདྲ་རྩ་བ་ནས་གནང་རྒྱུ་ཡོད་མ་རེད།
ཁོང་རྣམ་པ་ནི་བླ་མ་བརྒྱུད་པ་རིམ་པ་བཞིན་དུ་བླ་མ་ཚད་ལྡན་གྱིས་ཐུགས་བརྟག་དང་ལུང་བརྟག་བཀའ་བརྟག་ཡག་པོ་གཟིགས་ནས་དེ་ནས་མར་གནང་བཞག་པ་རྐྱང་རྐྱང་རེད།
སྤྲུལ་སྐུ་མཚན་ཉིད་དང་ལྡན་པ་རེད།དེས་ན་ཁོང་རྣམ་པ་ཆོས་དང་མཐུན་པའི་བྱ་བ་བཟང་པོ་མཛད་ཀྱི་ཡོད་ན།དེ་ལ་གུས་བཀུར་དང་ཞབས་ཕྱི་ཞུ།
ཆོས་དང་མཐུན་པའི་བྱ་བ་མཛད་ཀྱི་མེད་ན་སྤྲུལ་སྐུ་ཡིན་ན་ཡང་ཧ་ལས་རྒྱུ་ཡོད་མ་རེད།


ང་ཚོ་བོད་པས་ཁ་མིག་ཡར་བལྟ་གྱིས་ཟེར་གྱི་ཡོད་རེད།ཁ་མིག་ཡར་བལྟ་གྱིས་ཞེས་པ་དེ་བཞུགས་ཁྲི་མཐོན་པོར་བཞུགས་མཁན་ལ་ཡར་བལྟ་ཟེར་བའི་དོན་མ་རེད།ཁ་མིག་ཡར་བལྟ་གྱིས་ཞེས་པ་དེ་ནི་སློབ་སྦྱོང་ཡག་པོ་ཡོད་མཁན་དང་སྤྱོད་ལམ་ཡག་པོ་ཡོད་མཁན་ཐམས་ཅད་ཕུན་སུམ་ཚོགས་པ་ཡོད་མཁན་དེ་འདྲ་ཞིག་ལ་ཁ་མིག་ཡར་བལྟ་གྱིས་ཟེར་རེད།དེས་ན་གྲས་ཀྱི་མཐའ་མར་བཞུགས་མཁན་དགེ་སློང་ཡིན་ཀྱང་རུང་དགེ་ཚུལ་ཡིན་ཡང་རུང་བཙུན་མ་ཡིན་ཡང་རུང་ཕྱི་ལོག་ལ་བཞུགས་མཁན་མི་སྐྱ་ཡིན་ཡང་རུང་གང་དང་གང་ཡིན་ཡང་རུང་ཐམས་ཅད་ཀྱིས་ཀུན་སློང་དང་ཀུན་སྤྱོད་ཀྱི་རིམ་པ་དེ་དག་ཐམས་ཅད་ཕུན་སུམ་ཚོགས་པ་འདུལ་བ་དང་མཐུན་པ་དེ་འདྲ་ལ་ཁ་མིག་ཡར་བལྟ་བྱེད་དགོས་རེད་མ་གཏོགས།བཞུགས་ཁྲི་མཐོན་པོའི་གོང་ལ་བཞུགས་ནས་ང་བླ་མ་ཡིན།སྤྲུལ་སྐུ་ཆེན་པོ་ཞིག་ཡིན་བསམ་ན་ཡང་དེ་དག་ཐམས་ཅད་ཆོས་དང་མ་མཐུན་པའི་བྱ་བ་རེད།
དེས་ན་ཆོས་དང་མཐུན་པའི་སྒོ་ནས་ཁ་མིག་ཡར་བལྟ་མཛད་རོགས་ཞུ་རྒྱུ་ཡིན།དེ་ནས་ང་ཚོའི་དགོན་པ་ཐམས་ཅད་ཡར་རྒྱས་ཡག་པོ་འགྲོ་ཡི་ཡོད་རེད།དགོན་པ་ཡར་རྒྱས་འགྲོ་དུས་དགེ་འདུན་པ་མང་པོ་ཞིག་གྲོང་ཁྱེར་ནང་དུ་བཞུགས་མཁན་ཡོད་ས་རེད།དེ་རྩ་བ་ནས་ཡག་པོ་ཡོད་མ་རེད།གྲོང་པའི་ནང་དུ་བཞུགས་ན་གྲོང་པ་དང་ཕར་འདྲིས་ཚུར་འདྲིས་ནས་རྗེས་མར་སོ་སོ་ལ་མིང་ཆད་ཅིག་ཡོང་བ་དང།སོ་སོའི་དམ་ཚིག་དང་སྡོམ་པ་ཞིག་ཏན་ཏན་མེད་མཁན་ཞིག་ཆགས་འགྲོ་རེད།དེས་ན་སོ་སོའི་དགོན་པ་ལ་མང་ཆེ་བ་ལ་གྲྭ་ཤག་ཡོད་རེད།གྲྭ་ཤག་ཡོད་པས་གྲྭ་ཤག་ནང་དུ་ཡག་པོར་བཞུགས་ནས།མཚམས་མཚམས་སུ་གྲོང་ཁྱེར་ནང་དུ་སེམས་ཅན་དོན་མཛད་པའི་ཆེད་དུ་ཞབས་བརྟན་ལ་ཕེབས་དགོས་ཀྱི་ཡོད་ན་རེད།ཆོས་གསུངས་དགོས་ཀྱི་རེད་ན་དེ་ལྟར་གནང་ནས་ཕེབས་ན་ཡག་པོ་ཡོད་རེད་མ་གཏོགས་པ།དེ་ལས་གཞན་ཚོགས་པ་ཚོགས་དུས་དགོན་པ་ལ་བཞུགས།དེ་མིན་མི་མང་དཀྱིལ་ལ་བཞུགས་ན་མི་མང་ངོས་ནས་ཀྱང་རང་ཉིད་ལ་དགེ་ཚུལ་སློང་གི་སྡོམ་པ་ཡོད་པའི་གུས་ཞབས་དེ་ཡང་བརླག་འགྲོ་རེད།
རང་ཉིད་ཀྱི་ངོས་ནས་ཀྱང་མི་མང་དང་འདྲ་འདྲ་ཆགས་ནས་གང་ཡིན་འདི་ཡིན་མེད་པ་ཆགས་འགྲོ་རེད།
དེས་ན་དེ་ལ་གཟབ་གཟབ་གནང་ནས་སོ་སོའི་བཞུགས་ས་དེ་དགོན་པ་རེད།ང་ཚོ་འཚར་ས་དང་སྡོད་ས་དང་ཤི་ས་ཐམས་ཅད་དགོན་པ་རེད།དགོན་པའི་ནང་དུ་ཡག་པོ་བཞུགས་ཐུབ་ན།དད་ལྡན་སྐྱེ་བོ་ཕོ་མོ་ཚོས་ལྟ་དུས་ཡིན་ན་ཡང།གྲྭ་བ་དེ་མཚན་ཉིད་དང་ལྡན་པ་ཞིག་འདུག་བསམ་པ།སོ་སོ་ཡིན་ན་ཡང་དགེ་ཚུལ་སློང་གི་སྡོམ་པ་ལྡན་པས་སྤོབས་པ་སྐྱེ་པ་ཞིག་ཡོང་གི་ཡོད་རེད།
དེས་ན་ཐམས་ཅད་དགོན་པའི་ནང་དུ་ག་ཚོད་བཞུགས་ཐུབ་ཐུབ་བཞུགས་རོགས་གནང་ཞེས་ཞུ་རྒྱུ་དང་།ང་ཚོ་ཐམས་ཅད་ཆོས་བྱེད་མཁན་རྐྱང་རྐྱང་ཡིན་པས་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་དེ་གཙོ་ཆེ་ཡི་རེད་མ་གཏོགས།ཕུ་དཀྲུག་མདའ་དཀྲུག་གི་ལས་ཀ་བྱེད་རྒྱུ་དང་།གྲོང་པའི་ལས་ཀ་བྱེད་པ་དང།དེ་དག་ལ་སྐད་ཆ་འདྲ་མི་འདྲ་མང་པོ་བཤད་པ་དེ་དག་གི་རིགས་དེ་ང་ཚོའི་ལས་ཀ་རྩ་བ་ནས་མ་རེད།
ང་ཚོ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་གསུངས་དང་མཐུན་པ་ག་ཚོད་བསྒྲུབ་ཐུབ་ཐུབ་ཅིག་བླངས་ནས་དེ་ཉམས་སུ་ལེན་དགོས་པ་ལས་ཕུ་དཀྲུག་མདའ་དཀྲུག་གི་ལས་ཀ་དེ་ང་ཚོ་འཕགས་པའི་དགེ་འདུན་གྱི་ལས་ཀ་རྩ་བ་ནས་ཆགས་ཡོད་མ་རེད།དེ་དག་ལ་ཐུགས་བསམ་གནང་རོགས་གྱིས་ཞེས་ཞུ་རྒྱུ་ཡིན།
གཙོ་བོ་སོ་སོའི་དགོན་པ་དེ་སོ་སོས་བདག་གཉེར་ཡག་པོ་མཛད་ཀྱི་ཡོད་རེད།དེས་ན་དགོན་པ་ཆེ་བ་ཚོས་ཐུགས་བརྩེ་བས་བསྐྱངས་ནས་དགོན་པ་ཆུང་ཆུང་སྡེ་མི་སེར་མང་པོ་མེད་མཁན།སྦྱིན་བདག་མེད་མཁན།རྒྱབ་སྐྱོར་ལ་སོགས་པ་དཔེ་སྐྱོ་བོ་ཡིན་མཁན་མང་པོ་ཡོད་རེད།དེ་དག་ལ་དཔལ་འབྱོར་གྱི་ཐོག་ནས་རོགས་རམ་གནང་ཐུབ་ན་བཀའ་དྲིན་ཆེན་པོ་རེད།དེ་ལྟར་མ་བྱུང་ན་དགོན་པ་དེ་བལྟ་དགོས་བསམ་ནས་གཟིགས་སྐོར་ཞིག་ཕེབས་ཐུབ་ན་ཡང་བཀའ་དྲིན་ཆེན་པོ་རེད།
དེ་ལྟར་མ་བྱུང་ན་ཡང་ཟླ་བ་རེ་དང་ཡང་ན་བདུན་ཕྲག་རེ་མཚམས་མཚམས་སུ་ཕེབས་ནས།ཁྱེད་ཚོ་ལ་དཀའ་ངལ་ག་རེ་འདུག།ཆོས་འཆད་མཁན་དགོས་ཀྱི་འདུག་གམ།ང་ཚོས་ཐབས་ཤེས་བལྟ་ཡོང་ཆོས་འཆད་མཁན་ང་ཚོས་གཏང་ཡོང་།མི་མང་ལ་ཡིན་ན་ཡང་རྒྱ་ཆེན་པོ་མ་བྱུང་ན་ཡང།སྐྱབས་འགྲོ་དང་སེམས་བསྐྱེད་ནང་པའི་ཆོས་ཀྱི་ཀུན་སློང་ཁུར་སྟངས་སོགས་དེ་ལྟར་ཆོས་བཤད་གནང་ཐུབ་ན།མི་མང་ཉུང་ཉུང་ཡིན་ན་ཡང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་རེད།རང་ཉིད་ཀྱིས་ཐོས་བསམ་སློབ་གཉེར་བྱས་པའི་གྲུབ་འབྲས་དེ་གཞན་ལ་སྟོན་པ་ཡིན་པས་རང་གཞན་གཉིས་ཀའི་དོན་བདེ་བརླག་ཏུ་བསྒྲུབ་ཐུབ་པ་ཆགས་ཀྱི་ཡོད་རེད།དེས་ན་དགོན་པ་ཆེ་བ་ཚོས་མཚམས་མཚམས་དགོན་པ་ཆུང་བ་ཚོ་ལ་གཟིགས་རོགས་གནང་ཞེས་ཞུ་རྒྱུ་ཡིན།
དགེ་ཚུལ་སློང་བསྒྲུབ་རྒྱུ་གནང་ཉིན་ནས་ཕུལ་རྒྱུ་ཡིན།ང་བོད་གངས་ཅན་ལྗོངས་ལ་ཡོང་བའི་སྐབས་སུ་ཟླ་བ་གཅིག་དང་ཕྱེད་ཀ་མ་གཏོགས་དུས་ཚོད་ཡོད་མ་རེད།
དེས་ན་ཁྱེད་རྣམ་པ་འོ་རྒྱལ་མང་པོ་འདུག།
དུས་ཚོད་མང་པོ་སྒུག་དགོས་འདུག།རྒྱན་རྒྱག་དུས་རྒྱན་མ་ཐོབ་པའི་སྡུག་བསྔལ་ལ་སོགས་པ་མང་པོ་མྱངས་དགོས་འདུག།
ཁ་ཤས་ང་ཡི་འགྲམ་དུ་ཕེབས་ཀྱི་འདུག།ས་ཐག་རིང་པོ་ནས་ཡིན་བྱེད་དགོས་ཀྱི་འདུག བྱེད་མཁན་ཁྱེད་མ་གཏོགས་སུ་གཅིག་མི་འདུག་ཅེས་ཟེར་གྱི་འདུག་སྟེ།ང་ལ་ཐབས་ཤེས་རྩ་བ་ནས་མི་འདུག།ང་ཚོ་དགོན་པ་ཆེ་ཆུང་གང་དང་གང་ཡིན་ན་ཡང་དྲང་པོ་བྱས་ནས་ཕྱག་ལས་གནང་ན་ཡག་པོ་ཡོད་རེད།
དེས་ན་དགོན་པ་ཁག་རྒྱན་བརྒྱབ་ནས་དེ་ལྟར་སྐུ་ངལ་ཆེན་པོ་བྱེད་མི་དགོས་པ་བྱས་ནས།ཕན་བདེ་མཁན་རིན་པོ་ཆེ་དང་།ཐར་རྩེ་མཁན་ཆེན་རྡོ་རྗེ་འཆང་བོད་ལ་ཕེབས་དུས་བཀའ་སོགས་ཡོད་རེད།
ཕན་བདེ་མཁན་རིན་པོ་ཆེའི་མདུན་ནས་སྡོམ་པ་ཞུས་པ་ཡིན་ན་ཁོང་ལུང་པ་འདི་རུ་བཞུགས་མཁན་རེད།ཁོང་གི་མདུན་ནས་ཐུན་མོང་གི་དགེ་ཚུལ་སློང་གི་སྡོམ་པ་དང་།
ཐུན་མོང་མིན་པའི་སྡོམ་པ་ཞུས་ན་ཡང་ཁྱད་པར་རྩ་བ་ནས་ཡོད་མ་རེད།
ཁོང་དང་ང་གཉིས་བར་དུ་རྒྱ་མ་བཅག་ན་ཁོང་ལྗིད་གོག་ཆེ་བ་ཡོད་རེད།
ཁོང་ལྗིད་གོག་ཆེ་བའི་རྒྱུ་མཚན་གང་ཡིན་ཞེ་ན།ཁོང་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ཡག་པོ་ཡོད་རེད།ང་དེ་ལྟར་ཡོད་མ་རེད།གོང་མའི་གདུང་སྲས་རྣམ་པ་རྟག་པར་ཕེབས་མ་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས།མི་ཡིས་ཡར་ཐོ་སློང་བ་ལྟ་བུ་རེད།
དེས་ན་ངས་ཀྱང་གང་ཐུབ་ཐུབ་ཞུ་བཞིན་ཡོད་རེད།དེ་ལྟར་སྐུ་ངལ་བསྐྱོན་མི་དགོས་པའི་ཐོག་ནས་ཕན་བདེ་མཁན་རིན་པོ་ཆེའི་སྐུ་མདུན་ནས་ཞུས་ན་ཁོང་མཁས་བཙུན་བཟང་གསུམ་གྱི་བླ་མ་རེད།གཅིག་པ་གཅིག་རྐྱང་རེད།ང་རྡོ་རྗེ་གདན་ལ་ཚར་ཁ་ཤས་སླེབས་ཡོད་རེད་དེའི་བྱིན་རླབས་ཀྱིས་ཁྱད་པར་གྱིས་ཡག་བ་ཡིན་ན་དེའི་རྒྱུ་མཚན་མ་གཏོགས།དེ་མིན་ཐོས་བསམ་སྒོམ་གསུམ་སོགས་གང་དང་གང་ཡིན་ན་ཡང་ང་ཚོ་གཉིས་རྒྱ་མ་བཅག་པ་ཡིན་ན།ཁོང་ལྗིད་གོག་ཆེ་བ་ཡོད་རེད།དེ་ལྟར་ཐུགས་ལ་བཞག་རོགས་ཞེས་ཞུ་རྒྱུ་ཡིན།
རིགས་ཀྱི་ཐོག་ནས་བཤད་ན་ང་༧གོང་མ་རིན་པོ་ཆེའི་ཚ་བོ་འགྲོ་ཡི་ཡོད།༧ཀླུ་ལྡིང་མཁན་ཆེན་རིན་པོ་ཆེའི་ཚ་བོ་འགྲོ་ཡི་ཡོད།རུས་ལ་བལྟ་རྒྱུ་ཡོད་མ་རེད་ལ་རུས་ལ་ཧ་ལས་པ་གང་ཡང་ཡོད་མ་རེད།རུས་རྩ་ཆེ་བའི་རྒྱུ་མཚན་གྱིས་ང་རྩ་ཆེ་བ་རྒྱུ་མཚན་གང་ཡང་ཡོད་མ་རེད།ང་ཚོ་གྲྭ་བ་ཚོ་ལ་ག་རེ་དགོས་རེད་ཅེ་ན།ཐོས་བསམ་སྒོམ་གསུམ་ཡག་པོ་དགོས་རེད།དེ་གཉིས་བསྡུར་པ་ཡིན་ན་ཕན་བདེ་མཁན་རིན་པོ་ཆེ་བརྡབ་བརྒྱ་འགྱུར་གྱི་ཁོང་མང་བ་ཡོད་རེད།ཐོག་མ་དགེ་ཚུལ་སློང་གི་སྡོམ་པ་གང་དང་གང་ཡིན་ན་ཡང།ང་ཚོ་ཐམས་ཅད་སྡོམ་པ་གསུམ་ལྡན་ཤ་སྟག་རེད།དེའི་སྲུང་བྱ་གང་དང་གང་ཡིན་པ་རྣམས་སློབ་དཔོན་དང་དགེ་བའི་བཤེས་གཉེན་རྣམས་བཀའ་འདྲི་གནང་ནས་སྲུང་སྡོམ་ཁག་སྔོན་མའི་དགྲ་བཅོམ་པ་དང་གྲུབ་ཐོབ་ལྟ་བུ་ཡོང་བར་དཀའ་ལས་ཡོད་མོད།འོན་ཀྱང་སོ་སོའི་བློས་གང་ལྕོགས་ཤིག་གནང་རོགས་ཞེས་ཞུ་རྒྱུ་དང།
ཀུན་སྤྱོད་རིམ་པ་དེ་ཡང་དབུ་སྐྲ་ནས་ཕེབས་སྟངས་དང་ཟ་སྟངས་བཞུགས་སྟངས་ཐམས་ཅད་ལ་ང་ཚོས་གཟབ་གཟབ་མཛད་དགོས་རེད།སྔོན་མ་ཡིན་ན་ལུང་པ་གཅིག་གི་ནང་དུ་གྲྭ་བ་གཅིག་གིས་ལས་ཀ་སྡུག་ཆགས་བྱས་ན་ལུང་པ་དེ་ལས་ཕྱི་ལ་འགྲོ་དགོས་ན་ཟླ་བ་མང་པོ་ཐོགས་ཀྱི་ཡོད་རེད།ད་དེང་སང་ཁ་པར་སྐད་འཕྲིན་འདིས་ད་ལྟ་དབང་འདོན་གྱི་ཡོད་ན་ད་ལྟ་རྒྱ་གར་ལ་གཏང་།རྒྱ་གར་ནས་ཚུར་ལ་གཏང་འཛམ་བུ་གླིང་ཐམས་ཅད་སྐར་མ་གཅིག་གཉིས་ནང་དུ་ཐམས་ཅད་མཐོང་གི་ཡོད་རེད།
དེས་ན་ང་ཚོ་གྲྭ་བ་རྣམས་ཀྱིས་ཞབས་འདྲེན་ཞུས་པ་རྩ་བ་ནས་གནང་ཉེན་མ་རེད།ཞབས་འདེབས་ཞུ་དགོས་རེད་མ་གཏོགས་ཞབས་འདྲེན་ཞུས་པ་སངས་རྒྱས་ཀྱི་བསྟན་པ་ལ་ཡོད་མ་རེད།སངས་རྒྱས་བསྟན་ལ་མ་ཕན་ཡང།།རྣམ་པར་ཀུན་ཏུ་གནོད་མི་བྱ།།ཞེས་འཇམ་མགོན་བླ་མས་གསུངས་འདུག།དེ་ཐུགས་ལ་བཞག་ནས་ཀུན་སྤྱོད་ཀྱི་རིམ་པ་ཡག་པོ་གནང་རོགས་ཞེས་ཞུ་རྒྱུ་ཡིན།ཐམས་ཅད་ཀྱིས་ཆེ་བས་ཆུང་བ་ལ་ཐུགས་བརྩེ་དང་ཆུང་བས་ཆེ་བ་ལ་གུས་བཀུར་ཞུ་བ་དེ་ལྟར་གནང་དགོས་པ་ཞིག་དང་།
དེ་ནས་བཤད་གྲྭ་དང་དགོན་པ་དང་སྒྲུབ་གྲྭ་དེ་དག་ཐམས་ཅད་ཀྱིས་གཅིག་གིས་གཅིག་ལ་ག་རེ་ཕན་ཐོགས་འདུག་ན་དེ་གནང་བར་མ་གཏོགས།ཡང་གཅིག་གིས་གཅིག་ལ་ཁ་ངན་བརྒྱབ་པ་སོགས་དེ་ལྟར་མ་གནང་རོགས་ཞེས་ཞུ་རྒྱུ་ཡིན།གལ་སྲིད་ནང་ཁུལ་དུ་ཅུང་ཟད་བཤད་རྒྱུ་བྱུང་བ་ཡིན་ན་ཡང་ཚོགས་འདུ་ཚོགས་ས་དེ་ག་རང་ལ་བཞག་རོགས་གནང།ང་ཚོས་ཚོང་རྒྱག་དགོས་ཀྱི་ཡོད་མ་རེད།ང་ཚོ་དམག་རྒྱག་དགོས་ཀྱི་ཡོད་མ་རེད།ང་ཚོ་ཆོས་བྱེད་མཁན་ཞིག་ཡིན་པས་དེ་ཚོ་མཁོན་འཛིན་བྱས་ནས་ཐུགས་ལ་བསྐྱངས་ན།ང་ཚོའི་ཆོས་དེ་འཕྲོ་བརླག་འགྲོ་ཡི་ཡོད་རེད།དགེ་འདུན་མཐུན་པ་བདེ་བ་སྟེ།།མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།།ཞེས་གསུངས་འདུག།དེས་ན་སོ་སོའི་ཞེ་སྡང་དེ་མཁོན་འཛིན་བྱས་ནས་ཡིད་ལ་བཟུང་ན།
ང་ཚོས་ཉམས་ལེན་བྱེད་པའི་གནས་སྐབས་ལ་དེ་དྲན་ནས་ཉམས་ལེན་ཡག་པོ་ཡོང་གི་ཡོད་མ་རེད།
བདེ་བ་རྩ་བ་ནས་མེད་པར་ཆགས་ཅིང་སོ་སོ་སྡོད་དུས་ཀྱང་སྐྱིད་པོ་མེད་པ།མི་མཉམ་དུ་འགྲོ་ན་ཡང་སྐྱིད་པོ་མེད་པ།དེས་ན་ཐམས་ཅད་ཀྱིས་མཐུན་པོ་མཛད་རོགས་གནང།གཅིག་གིས་གཅིག་ལ་ང་ཚོ་ཐམས་ཅད་གོང་དུ་ཞུས་པ་བཞིན་དུ་ཆོས་ཀྱི་སྤུན་དང་རྡོ་རྗེ་སྤུན་ཉེ་བའི་སྤུན་ཞེས་ང་ཚོ་སྤུན་གསུམ་ཆ་རེད།
ཐམས་ཅད་ཀྱིས་ང་ལ་ཐུགས་བརྩེ་བའི་ཐོག་ནས་བཀའ་དྲིན་ཆེན་པོ་བསྐྱང་གནང་སོང་།དཔེར་ན་སྐྱེ་དགུ་དགོན་པ་ཡིན་ན་ཡང་འགྲོ་སོང་མང་པོ་བཏང་ནས་ཞལ་ལག་ཕུལ་བ་སོགས་དང་དབང་གི་གྲ་སྒྲིག་སོགས་ཉིན་རེ་ཉིན་རེ་མེ་ཏོག་ཚུར་ཆད་ནས་ང་ཚོ་ཐམས་ཅད་འགྲོ་ཆོག་ཆོག་བསྡད་ཆོག་ཆོག་གནང་ཡོད་རེད།
དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།ཁྱེད་རྣམ་པ་འོ་རྒྱལ་ཆེན་པོ་བསྐྱོན་ནས་ས་ཐག་རིང་པོ་ནས་ཕེབས་ཡོད་རེད།ང་ལ་ཡོན་ཏན་གང་ཡང་ཡོད་མ་རེད་དེ་ཁྱེད་རྣམ་པས་ཐུགས་བརྩེ་བའི་ཐོག་ནས་གུས་བཀུར་དང་བཅས་པའི་ཕེབས་པ་ལ་སླར་ཡང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དེ་ལྟར་ཡིན།
ང་ཚོའི་གྲྭ་བའི་ལས་ཀ་དེ་ཐོས་བསམ་སྒོམ་གསུམ་བྱ་རྒྱུ་དེ་ཡིན་པས་ལས་ཀ་གཞན་ལ་ཐུགས་བསམ་མ་བཞེད་རོགས་གནང་ཞེས་དེ་དང་བཅས་པའི་ཐོག་ནས་དགེ་འདུན་པ་ཚོ་ལ་ཕལ་ཆེ་ཞུས་ཚར་ཡིན།
འདི་ལ་དབང་ཞུ་མཁན་མི་དམངས་མང་པོ་འདུག།མི་དམངས་རྣམས་ཀྱིས་བརྒྱ་ཆ་བརྒྱ་བཀའ་དབང་གི་གོ་དོན་ལ་སོགས་པ་ཤེས་པ་དཀའ་ལས་ཡོད་རེད།བླ་མའི་ངོས་ནས་ཀྱང་བཤད་པ་དཀའ་ལས་འདུག
མི་དམངས་རྣམས་ཁག་དེ་ལས་ཅི་ཡོད།ཡིན་ན་ཡང་དུས་དང་རྣམ་པར་ཀུན་ཏུ་དབང་ཞུས་ཚར་བའི་རྗེས་སུ་སེམས་པ་ཡག་པོ་ཁུར་རྒྱུ་དང་ཀུན་སློང་རྣམ་དག་ཁུར་རྒྱུ་ཞིག་དང་།ཁྱིམ་མཚེ་ཕན་ཚུན་མཐུན་སྒྲིལ་བྱ་རྒྱུ་ཞིག་དང་ཁྱིམ་མཚེ་ཕན་ཚུན་ལ་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་ཞིག་དང་དེ་ལྟར་གནང་དགོས་ཀྱི་ཡོད་རེད།དེའི་ཐོག་ལ་སོ་སོས་མ་ཎི་ཡིན་ན་རེད་སྒྲོལ་མའི་སྔགས་ཡིན་ན་རེད།བཛྲ་གུ་རུ་ཡིན་ན་རེད།ཁ་ཤས་ཀྱི་བདེ་སྨོན་དང་བཟང་སྤྱོད་དང་རྡོ་རྗེ་གཅོད་པ་སོགས་འདོན་མཁན་མང་པོ་འདུག།དེ་དག་ཐམས་ཅད་ཀྱིས་རང་གཅིག་པུའི་དོན་དུ་མ་ཡིན་པ།རང་གཞན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་ངས་བྱེད་ཀྱི་ཡོད་བསམ།དེ་ནས་ཉིན་མ་རེ་རེ་བཞིན་དུ་སྡིག་པའི་ལས་གང་དང་གང་བྱས་ན་ཡང་དགོང་མོ་ཉལ་བའི་སྐབས་ལ་རྟེན་ཡོད་ཀྱང་རུང་རྟེན་ཡོད་ན་རྟེན་གྱི་དྲུང་དུ་འགྲོ་ནས་ངས་སྡིག་པོ་མང་པོ་བྱས་སོང་།
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆིའོ།།
སྡིག་པ་ཐམས་ཅད་སོ་སོར་བཤགས།།ཞེས་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པ་གུར་ལས་གསུངས་པ་རེད།ཚར་གསུམ་འདོན་ཐུབ་ན་ཕན་ཡོན་ཆེན་པོ་ཡོད་རེད་ཅེས་བདེ་བར་གཤེགས་པ་མཁན་ཆེན་ཨ་པད་རིན་པོ་ཆེས་ང་ལ་དེ་ལྟར་གསུངས་སོང།
མི་སྐྱ་དཀྱུས་མ་ཞིག་གིས་སྡིག་པ་ཐམས་ཅད་སོ་སོར་བཤགས།ཞེས་པ་ཉིན་ཞག་ཕྲུགས་གཅིག་ལ་ལས་ཀ་ག་རེད་བྱེད་འདུག
གཞན་ཡང་དུས་གསུམ་གྱི་མི་དགེ་བའི་ལས་བསགས་པ་ཐམས་ཅད་ངས་བཤགས་ཀྱི་ཡོད་བསམ་པ་བྱས་ན།སྡིག་པ་དེ་མི་འཕེལ་བ་དང་སྡིག་པ་དེ་ཤུགས་ཆུང་ཆུང་བཟོ་བར་ཕན་ཐོགས་ཀྱི་རེད་གསུངས།
དེས་ན་དགོང་མོ་ཉལ་ཁ་ལ་རྟེན་ཡོད་ཀྱང་རུང་མེད་ཀྱང་རུང་མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྒོམས་ནས་དེའི་མདུན་དུ་ངས་བསགས་པའི་སྡིག་པ་མི་དགེ་བ་ཐམས་ཅད་བཤགས་ཀྱི་ཡོད་བསམ།འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།།ཅེས་ཚར་གསུམ་འདོན་ཐུབ་པ་ཡིན་ན།ཉིན་ཞག་ཕྲུགས་གཅིག་གི་སྡིག་པ་ཐམས་ཅད་བཤགས་རྒྱུ་དང་།དེ་རིང་དགེ་བའི་ལས་གང་དང་གང་བྱེད་པ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་ས་ལ་བསྔོ་འགྲོ་ཡི་ཡོད་རེད།
བསྔོ་བ་དེ་གཞན་ལ་མེད་པའི་ཁྱད་ཆོས་ང་ཚོ་ནང་པ་སངས་རྒྱས་པ་མ་གཏོགས་གཞན་སུ་གཅིག་གི་ཆོས་ལུགས་ལ་ཡོད་མ་རེད།དེས་ན་བསྔོ་བ་བྱ་ཐུབ་པ་ཡིན་ན་དེ་རིང་ཉིན་ཞག་ཕྲུགས་གཅིག་གིས་དགེ་བའི་རྩ་བ་གང་བསགས་པ་ཐམས་ཅད་མི་ཉམས་ཤིང་གོང་འཕེལ་དུ་བྱེད་པ་རེད་ཀྱི་རེད།དེས་ན་མི་སྐྱ་རྣམས་ཀྱིས་དབང་མང་པོ་ཞུས་ཡོད་རེད།དབང་ཞུས་རྗེས་དེ་ཙམ་ཞིག་ཐུགས་བསམ་བཞེད་རོགས་གནང།དེ་ནས་ཁྱིམ་མཚེ་དང་ཡུལ་མི་ཐམས་ཅད་ལ་མཐུན་སྒྲིལ་དང་འཆམ་པོ་བྱས་བསྡད་པ་དེ་གལ་ཆེན་པོ་རེད།
དེ་ལས་གཞན་ལ་འཚེ་བ་བྱས་ན་མ་འོངས་པ་རང་ལ་གནོད་པ་ཡོང་གི་རེད།
ཁ་ཤས་ལ་མཐོང་ཆོས་མྱོང་ཆོས་ལ་གནོད་པ་ཡོང་གི་རེད།ཁ་ཤས་མ་འོངས་པར་ཡོང་གི་ཡོད་རེད།དེས་ན་ཐམས་ཅད་ཀྱིས་གཟབ་གཟབ་གནང་ནས་ཞེ་སྡང་སོགས་ཉོན་མོངས་པ་གང་དང་གང་སྐྱེས་པ་ཡིན་ན་ཡང་།མགོ་མནན་ཐུབ་ཙམ་བྱུང་བ་ཡིན་ན།རང་ལ་ཕན་གཞན་ལ་ཕན་རང་གཞན་གཉིས་ཀའི་དོན་བདེ་བརླག་ཏུ་འགྲུབ་ཐུབ་པ་ཡོང་གི་རེད།
གཙོ་ཆེ་བ་དགེ་འདུན་པ་གོང་དུ་ཞུས་པ་དེ་ཐུགས་ལ་བཞག་རོགས་གནང་ཞེས་ཞུ་རྒྱུ་དང།མི་དམངས་ཚོས་ཀྱང་ངས་གང་ཞུས་པ་དེ་ཐུགས་ལ་བཞག་རོགས་གནང་།དེ་ནས་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག།རིང་མིན་དགེ་ཚུལ་སློང་བསྒྲུསབ་ཚར་རྗེས་ང་རྒྱ་གར་ལ་འགྲོ་དགོས་ཡོད།
ད་ལོ་བར་དུ་ལོ་ལྔ་ཡི་རིང་ལ་བོད་གངས་ཙན་ལྗོངས་ལ་ཡོང་རྒྱུ་གོ་སྐབས་རག་པ་དེ་གཙོ་བོ་རྒྱལ་ཁབ་ཀྱི་ཆོག་མཆན་དང་རྒྱབ་སྐྱོར་ཡག་པོ་གནང་བའི་རྒྱུ་མཚན་ལ་བརྟེན་ནས་ང་ད་ལྟ་འདི་ལ་སླེབས་རེད།
ང་སླེབས་རྗེས་དགོན་པ་རྣམ་པས་རྫོང་དང་ཁུལ་ཞིང་ཆེན་དང་རྒྱལ་ཁབ་དང་བཅས་པར་ཞུ་བ་ཕུལ་དགོས་རེད།
དེ་དག་ཕུལ་བར་བརྟེན་ནས་ཡོང་ཐུབ་པའི་རྒྱུ་རྐྱེན་གཅིག་སུ་ལ་ཐུག་ཡོད་ཅེས་ན་ང་ཚོ་ཐམས་ཅད་ལ་ཐུག་ཡོད་རེད།ཐམས་ཅད་ཀྱིས་ཁྲིམས་ཚད་ལྡན་ཞིག་སྲུང་བ་ཡིན་ན།ཡང་ནས་ཡང་དུ་མཇལ་བའི་གོ་སྐབས་རག་གི་རེད་མ་གཏོགས་དགོན་པའི་ནང་དུ་ཟ་རེ་ཟི་རེ་མཛད་པ་ཡིན་ན།ང་ཡོང་བར་ལམ་འགག་དེ་འགག་འགྲོ་ཡི་རེད།ཁྱེད་རྣམ་པ་ཡིན་ན་ཡང་སྤྲོ་བོ་མེད་པ་ཆགས་ཀྱི་རེད།དེ་ལ་ཡང་ཐུགས་བསམ་བཞེད་རོགས་གནང་ཞེས་ཞུ་རྒྱུ་ཡིན།ཐམས་ཅད་ཡང་ནས་ཡང་དུ་མཇལ་བའི་སྨོན་འདུན་དང་།ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས་ཐུགས་སྤྲོ་པོར་གནང་ནས་བཞུགས་རོགས་གནང་ཞེས་ཞུ་རྒྱུ་ཡིན།ཐུགས་རྗེ་ཆེ།
གསང་ཆེན་རྒྱུད་གྲྭ་ནས་ཡིག་འགོད་བྱས་སོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*