ཤིས་སྨོན་སྤྲིན་གྱི་སྒྲ་དབྱངས།

 སྒོ་སྤྲེལ་ངེས་དོན། ༼དཀར་མཛེས།༽

ངག་རིག་པདྨའི་བདུད་རྩིའི་ཆར་རྒྱུན་དང་།།
རབ་སྙན་ཚིག་གི་ཕྲེང་བའི་རྣམ་བཅུད་དག།
མྱུར་དུ་བུ་ལ་སྩོལ་ཅིག་སྒྲ་དབྱངས་ལྷ།།
སྒོ་གསུམ་གུས་པས་འདུད་དོ་མ་གཅིག་ཀྱེ།།

མདོ་ཁམས་ཉག་རོང་རིག་གཞུང་རྒྱུགས་སྤྲོད་ལས།།
བགྲང་བྱ་བཅུ་གཅིག་བཞེས་པའི་ཤིས་སྨོན་དུ།།
དད་གུས་དགའ་བས་ཕྱུག་པའི་ཚིག་ཚོགས་འདི།།
དྲི་མེད་ཁ་བཏགས་ཚབ་ཏུ་འབུལ་བར་བྱ།།

འཆད་རྩོད་རྩོམ་པའི་སྦྲང་ཆར་འབབ་པ་ཡིས།།
རིག་པའི་མེ་ཏོག་རྣམ་པར་རྒྱས་གྱུར་ཅིག།
རིས་མེད་བསྟན་པའི་རྒྱ་མཚོར་འཇུག་པ་ཡིས།།
གར་ཁྱབ་སེམས་ཅན་འགྲོ་དོན་འགྲུབ་པར་ཤོག།

རྣམ་དག་ཆོས་དོན་གཉེར་བའི་མཛད་པ་ཡིས།།
བསྟན་པའི་རྒྱལ་མཚན་ནུབ་པ་མེད་པར་ཤོག།
ཉམས་ལེན་རྣམ་གྲོལ་ལས་ཀྱི་དབང་ཐོབ་ནས།།
ཆོས་དབྱིངས་དག་པའི་ཞིང་དུ་སྐྱེས་གྱུར་ཅིག།

གཉིས་དོན་བཤད་སྒྲུབ་ལས་ཀྱི་གཟི་འོད་ཀྱིས།།
འདི་ཕྱིའི་སྐལ་དོན་རྙེད་པའི་སྨོན་འདུན་ཞུ།།
མདོ་སྔགས་རིག་པའི་གནས་ལ་དཔྱིས་ཕྱིན་ཏེ།།
ཕན་བདེའི་གྲུ་ཆར་འཇོ་བའི་དགེ་ལེགས་སྩོལ།།

ཡང་དག་ལྟ་བའི་གོ་ཆ་སྤྲས་ནས་ནི།།
རྒྱལ་ཁམས་རིག་པས་བསྐོར་བའི་རྟེན་འབྲེལ་ཞུ།།
མཐའ་ཡས་ཤེས་བྱའི་རྒྱ་མཚོ་ཆེན་པོ་རུ།།
ཤེས་རབ་རྩལ་ཆེན་རྫོགས་པའི་བཀྲ་ཤིས་ཤོག།

དབེན་གནས་འོད་གསལ་བསྟན་རྒྱས་སློབ་གླིང་གི།།
དམར་སེར་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས།།
སྐུ་ཚེ་བརྟན་ཅིང་མཛད་པའི་འཕྲིན་ལས་དག།
ཡར་ངོས་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུ།།

ཤིས་སྨོན་འདི་ལས་བྱུང་བའི་དགེ་བ་ཡིས།།
ཐུབ་བསྟན་གསེར་ཀྱི་ཉི་འོད་ཕྱོགས་ཀུན་ཏུ།།
ནུབ་མེད་འོད་སྟོང་འཕྲོ་བའི་དགེ་ལེགས་དང་།།
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*