སྙན་ངག་དང་སེམས་ཚོར།

ཧུན . དུར་རོ། གཡུ་ཁོག

སྙན་ངག་རེ་མི་ཡུལ་ལ་ཕུལ་ཚར་དུས་ཁྱོད་ཀྱི་སེམས་ཁམས་ཀྱང་དཀར་གཙང་ཞིག་ཅི་ལ་མིན། ང་ཚོས་སྙན་ངག་རེ་རེ་འགྲུབ་པ་ལ་དུས་ཚོད་ག་ཙམ་མཁོ་ཡང་བེད་སྤྱོད་གཏོང་ཐུབ་དགོས་ལ། དེ་ལས་ཀྱང་ཕྱི་ནང་གཉིས་ལྡན་ཞིག་ཡོང་རྒྱུ་དེ་ཧ་ཅང་གལ། སྙན་ངག་རེ་ལ་ཐ་སྙད་ཁྲི་སྟོང་མང་པོ་འཚོགས་དགོས་རུང་བཙལ་ཏེ་འཚོགས་དུ་འཇུག་པ་དང་། བརྗོད་གཞིའི་ནང་དོན་ལ་རང་ནུས་ཀྱི་ཁྱད་ཆོས་བླ་ལྷག་འདོན་དགོས་པ་སོགས་ནི་སྨྲོས་མེད་ཀྱི་སྙན་ངག་པ་ཞིག་ལ་ཚང་དགོས་པའི་དོན་གཞི་དང་པོ་ལགས། འདི་ལྟར་ཞིབ་ཏུ་བསམ་བློ་བཏང་ན་སྙན་ངག་པ་ནི་ཚད་གཞི་ངེས་ཅན་གྱི་མི་སྣ་ཞིག་རེད་ཅེས་སྨྲ་ཅི་ལ་མི་སྤོབས། འདི་ནི་སྙན་ངག་ཅིག་ལེགས་པར་གྲུབ་ཚར་རྗེས་ཀྱི་སེམས་ཚོར་དང་པོའོ།།

ནམ་རྒྱུན་སྙན་ངག་ཅིག་བྲིས་ཚར་དུས་ང་རང་ཉིད་ལ་མི་དབང་བའི་ཞེ་རློན་པ་ཞིག་རྒྱུན་པར་སེམས་སུ་ཉལ། དེ་རིང་ཡང་སྔར་ལྟར་སྙན་ངག་ཡིན་མདོག་ཁ་བོ་བྱས། མང་དག་ཅིག་བྲིས་མཐར་དུས་དེབ་འགའི་ནང་ལ་མངགས་པ་ཡིན། མཐར་སེམས་སུ་དེ་འདྲ་བའི་སེམས་ཚོར་རྗེན་པ་ཞིག་ཡང་དང་བསྐྱར་གྱི་ཚུལ་ཏུ་བློ་ངོགས་སུ་ལྷན་སྐྱེས་སུ་མངའ། ཡང་བསྐྱར་ངས་བསམ་བློ་ཞིག་བཏང་ནས་ང་ལ་ཁྱོན་ནས་དེ་འདྲ་བའི་སེམས་ཚོར་ཞིག་ཡོང་དགོས་དོན་མེད་སྙམ་གྱིན་གཉིད་དུ་ཡུར། ནམ་གུང་གི་དུས་སུ་གཉིད་ལས་སད་པར་གྱུར། ཡང་བསྐྱར་སེམས་ངོགས་སུ་གཙང་སེལ་བགྱིས་པ་ན། དེ་འདྲའི་སེམས་ཚོར་དེ་གང་ཞིག་ན་ཡོད་པ་མ་ཚོར། ཡང་གཅིག་བཤད་ན་སྙན་ངག་པ་ཞིག་གིས་ང་ལ་བསྩལ་བའི་གདམས་ངག་ཡིན་ནམ། གང་ཡིན་ཆ་མ་འཚལ། འདི་ནི་དེ་རིང་ང་ལ་སྙན་ངག་ཅིག་གྲུབ་ཚར་བའི་དཔང་རྟགས་གཉིས་པ་ཡིན།

ཡང་བསམ་བློ་བཏང་ན་སྙན་ངག་པ་ནི་སྙན་ངག་ཅིག་ལེགས་པར་གྲུབ་ཚར་དུས་གཟོད་སྙན་ངག་པ་ཡིན་པ་ལས་སྔར་ནས་སྙན་ངག་པ་ཞིག་མིན། སྙན་ངག་གྲུབ་ཚར་རྗེས་ཀྱི་སྙན་ངག་པ་ནི་སྔོན་ཆད་ཀྱི་བརྩམས་ཆོས་རྩོམ་མཁན་དེ་ཡིན་མིན་ད་དུང་དོགས་གཞི་ལགས། འདི་ལྟར་ཡུན་ནས་ཡུན་ཏུ་བསམ་བློ་བཏང་ན་སྙན་ངག་པ་ནི་མིང་སྟོང་ཆེ་ལ་རིང་བ་ཁུར་མཁན་གྱི་སྐྱ་མི་སྣང་དྭངས་ཤིག་ཅི་ལ་མིན། སྙན་ངག་པས་ནི་ནམ་རྒྱུན་རང་གི་སེམས་སུ་སྐབས་རེར་ཡིད་དུ་འོང་ལ་ཡང་སྐབས་རེར་སྐྱི་གཡའ་བའི་འཇིག་རྟེན་ཆུང་ཆུང་ཞིག་བཟོ་བཀོད་བྱས་ཏེ། དཀར་དཀར་ནག་ནག་གི་ཕྱི་ཡི་དངོས་པོའི་གནས་སྟངས་དང་ནང་སེམས་པའི་འགྱུ་སྟངས་སོགས་ལྷན་ཏུ་སྦྱར་ནས་རང་གཞན་གཉིས་ཀྱིས་མཐོང་ཐུབ་པའི་ཤོག་དཀར་སྟེང་ལ་རི་མོར་ཕབས་ནས་ཡིད་ག་ཚིམ་ཆོག་པ་ཞིག་བྱ་ལ། དེ་ལས་ཀྱང་ཡིད་སྨོན་སྐྱེས་ཆོག་པ་ཞིག་ནི་སེམས་ཚོར་དཀྱུས་མ་མ་ཡིན་པ་དེ་རེད།

སྙན་ངག་པ་ལ་ང་རྒྱལ་ཡོད་དགོས་པ་ལས་ང་རྒྱལ་ཆེ་མི་རུང་། ཐ་སྙད་ཀྱི་ལམ་བུ། དག་ནོར་གྱི་སྒེའུ་ཁུང་སོགས་སྙན་ངག་པ་རང་ལ་གང་ནུས་གང་འཚམས་ཤིག་ཚང་དགོས། སྐབས་རེར་བསམ་བློ་བཏང་ན་སྙན་ངག་པ་ནི་སེམས་ཚོར་གྱིས་བཞེང་བའི་ལྷ་སྐུ་རེད་ཅེས་བཤད་སྤོབས་ལ། ཡང་སྐབས་རེར་སྙན་ངག་པ་ནི་འུ་ཐུག་ཐབས་ཟད་ཀྱི་རང་གི་ཕྱི་ནང་གཉིས་ཀྱི་འཆར་ཡན་དག་གཞན་མདུན་ལ་མངོན་མཁན་ཞིག་རེད་ཅེས་བཤད་ཀྱང་ཅི་ལ་མི་ཆོག འདི་ལྟར་མུ་ནས་མུ་རུ་བསམ་བློ་བཏང་ན་སེམས་ཚོར་གྱིས་སྙན་ངག་བཞེང་བ་རེད། སྙན་ངག་ནི་སྒྱུ་རྩལ་གྱིས་བཙས་པ་ཞིག་རེད། སྒྱུ་རྩལ་ཡང་སེམས་ཁམས་ཀྱི་ལོངས་སྤྱོད་ཅིག་ཅི་ལ་མིན། སྙན་ངག་མཁན་དེ་ནི་སྒྱུ་རྩལ་མཁན་དེའང་ལོས་ཡིན། སྙན་ངག་ནི་སྒྱུ་རྩལ་རིགས་ཤིག་ཡིན། ཁྱོད་རང་སྙན་ངག་ལ་ཇི་ལྟར་དུང་བ་དེ་བཞིན་དུ་སྒྱུ་རྩལ་ལའང་བརྩེ་བ་ཟབ་པ་མཚོན། སྐབས་ཤིག་འབྲོག་ཐང་གི་ནོར་རྫི་ནག་ཐོ་དེའང་སྙན་ངག་མཁན་ཞིག་རེད་ཅེས་ལབ་པའང་མཐོང་ཐུབ། འདི་ནི་སེམས་ཚོར་རང་ཡན་མཁན་དེ་སྙན་ངག་པ་རེད་ཅེས་པས་དྲུད་ཡོང་བ་ཨེ་ཡིན་བསམ།

སྙན་ངག་པ་ལ་ནམ་རྒྱུན་རང་དང་འབྲལ་མི་རུང་བ་ཞིག་ཡོད་པ་ནི་སེམས་ཚོར་མིན་ལ་ཐ་སྙད་ནི་དེ་ལས་ཀྱང་མིན། སྙན་ངག་རེ་རེའི་སྟེང་ན་སྙན་ངག་པ་རེ་རེའི་ཤ་དྲི་དང་ཁྲག་དྲི་ཐུལ་ལེ་ཡོད་པ་ཞིག་ཡིན་ན་གཟོད་སྙན་ངག་པ་ཞིག་དང་སྙན་ངག་ཞིག་ཏུ་ཆགས་ཚར་བ་ཡིན། སྙན་ངག་པ་ཞིག་ཡིན་ན་རང་གི་སྙན་ངག་ལ་རང་གི་དྲི་མ་བྲོ་རྒྱུ་དེ་གལ་ཆེན་པོ་རེད། འབྲལ་མི་རུང་བའང་དེ་རེད་ལ། དོར་མི་ཆོག་པའང་དེ་ཡིན། གཞན་པས་ཁྱོད་ལ་ཁྱོད་རང་སྙན་ངག་པ་ཡིན་ནམ་ཞེས་དྲིས་ཚེ། ཁྱོད་ཀྱིས་འདི་ལྟར་ལན་འདེབས་དགོས། ངའི་སྙན་ངག་ལ་ངའི་དྲི་མ་བྲོའམ་ཞེས་ལན་བྱིན་དགོས། ཁྱོད་ཀྱི་དྲི་མ་ཟེར་དུས་ཁྱོད་ལ་རྐང་དྲི་བྲོ་བ་འདྲ་ཞིག་མ་ཡིན་པར། ཁྱོད་ཀྱི་སྙན་ངག་ལ་གཞན་དག་དང་ཀུན་ནས་མི་འདྲ་བའི་ཁྱད་ཆོས་འཛོམས་དགོས། དེ་ལྟ་ན་གཟོད་ཁྱོད་སྙན་ངག་པ་ཡིན་ལ། ཁྱོད་རང་གི་སྙན་ངག་ཡིན།

ལ་ཤས་ཤིག་གི་སྙན་ངག་ཟེར་དུས་འདི་ལྟར་བསམ་བློ་གཏོང་གི་ཡོད། ནད་པ་འགའི་སེམས་ཁམས་དྭངས་བྱེད་ཅིག་ལ་གོ་བ་ལེན་གྱིན་ཡོད་པ་རེད་དེའང་ལོས་ཆོག ཡང་ལ་ཤས་ཤིག་གི་སྙན་ངག་ཟེར་དུས་འདི་ལྟར་གོའུ་ཡོད་པ་རེད། ཤོག་ལྷེ་གང་རུང་ཞིག་ན་ནག་ནོག་གི་རི་མོའི་རྣམ་པ་རུ་འཆར་གྱིན་པའི་ཡིག་ཚོགས་ལ་སྙན་ངག་ཟེར་བཞིན་གདའ་དེའང་ལོས་ཆོག སྙན་ངག་ཟེར་དུས་འདི་ལྟར་གོ་བ་བླངས་ན་འགྲིག་སྣང་འཆར་གྱིན་ཡོད། ཁྱོད་ཀྱི་སེམས་སུ་དཀར་ནག་གི་འགྱུ་བ་གང་དང་གང་ཡོད་པ་དག་ཇི་བཞིན་ཕྱི་རུ་མངོན་ཐུབ་པ་དང་ཡང་ན་སེམས་སུ་གསལ་བོར་ངོས་འཛིན་ཡོད་པ་ཞིག་ཡིན་ན། གཟོད་ཁྱོད་ཀྱི་མིང་ལ་སྙན་ངག་མཁན་དུ་བཏག་ཆོག་པ་དང་བརྡ་རྟགས་ཀྱིས་ཕྱི་རུ་མངོན་པ་དག་གི་མིང་ལ་ཕྱི་ཡི་སྙན་ངག་དང་སེམས་ཀྱི་སྙན་ངག་གཉིས་སུ་ཕྱེ་ན་འགྲིག་སྣང་འཆར་རོ།།
སྔོན་ཆད་ཀྱི་རྒྱ་གར་ཤར་ལྷོ་ཐུན་མོང་གི་སྙན་ངག་ཟེར་དགོས་ནའང་འདྲ། འུ་ཅག་བོད་ཀྱི་དེང་སང་གི་ཟེར་སྲོལ་ལྟར་ན་སྲོལ་རྒྱུན་སྙན་ངག་ཟེར་གི་ཡོད་པ་དེ་འདི་རུ་ཅུང་འདུས་མེད་པ་འདྲ་བོ་ཆགས་སྣང་འཆར་སྲིད།

མཇུག་གཏམ།

མི་ཆུང་ཆུང་གི་གཏམ་སྦོམ་པོ་ཨེ་ཡིན་བསམ་པའི་སྣང་དོགས་ཀྱང་འཆར་མྱོང་། མཁས་པས་ཁྲེལ་དགོད་བྱེད་པའི་རྒྱུ་རུ་ཡང་ཨེ་འགྲོ་མི་ཤེས་པའི་སེམས་ཚོར་ཡང་ཐོན་མྱོང་། ན་མཉམ་དག་གི་ཕྲག་དོག་གི་བུད་ཤིང་ཉིད་དུ་གྱུར་ནས་ང་རང་ཨེ་བསྲེག་མི་ཤེས་པའི་འཁྲུལ་སྣང་ཡང་ཐོབ་མྱོང་། འདི་ལྟར་མུ་ནས་མུར་བསམ་བློ་མ་བཏང་བ་ཞིག་ག་ལ་ཡིན། ནམ་ཞིག་ང་རང་སྤྲང་པོ་དཀར་ཡོལ་འཛིན་རྒྱུ་མེད་མཁན་ཞིག་དུ་ཆགས་ནའང་ངས་སྙན་ངག་ཟེར་བའི་ཐ་སྙད་དེ་འདོར་ཕོད་ས་མི་འདུག་ལ། ལྷག་པར་དགའ་བོ་ཆེ་སྟེ་སྤྲང་དབྱུག་ཁུར་ནས་སྙན་ངག་འཚོལ་དུ་འགྲོ་སྣང་འཆར་ཡང་སྲིད། བཀྲ་ཤིས་པར་གྱུར་ཅིག

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*